མོན་རིགས་སྤུན་ཟླ་ཚོས་སེམས་འཚབ་གཏན་ནས་གནང་མི་དགོས།

ཨ་རུ་ནཱ་ཅལ་ནང་ཡོད་པའི་བོད་མི་ ༥༠༠༠ ཙམ་དེ་ཡུལ་མི་དང་ཧ་ཅང་འཆམ་པོ་མཐུན་པོའི་ངང་གནས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཕྱོགས་གཉིས་ནས་ཡུལ་ཁྲིམས་འཁུར་ཞིང་དུས་རྟག་ཏུ་ཞི་བའི་ངང་འཚོ་བ་སྐྱེལ་དགོས་པ་དེ་གལ་ཆེན་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡.༣༠ སྟེང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་མཆོག ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་སྒྲོལ་མ་ལགས་བཅས་ནས་ཉེ་སྔོན་ཨ་རུ་ནཱ་ཅལ་ནང་བྱུང་བའི་ཡུལ་མིའི་ངོ་རྒོལ་ཐད་གསལ་འགོད་གསལ་བསྒྲགས་ཤིག་གནང་སྟེ། མོན་རིགས་སྤུན་ཟླ་ཚོས་བོད་མིར་གང་ཅིའི་ཐད་ནས་རོགས་རམ་དང་ཐུགས་འཁུར་ཧ་ལས་པ་གནང་གི་འདུག་པས་ཐུགས་རྗེ་ཆེ་ཞེས་གསུངས་སོང་།

གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་དབུས་གཞུང་ནས་ཕྱིར་ལོག་པའི་དུས་བཅད་ཡིག་ཆ་(NORI)བཟོ་མི་དགོས་པ་དང་། ས་གནས་ ༨ ནང་ཕྱིར་ལོག་ཆོག་པའི་དུས་བཅད་ཡིག་ཆ་(Return visa)སོགས་དྲ་ཐོག་བརྒྱུད་ནས་བཟོ་ཐུབ་པ་བྱས་ཡོད་པ་དང་། བོད་ཀྱི་ཟློས་གར་དང་ཨ་རུ་ནཱ་ཅལ་གཉིས་བར་གན་རྒྱ་ཞིག་བཞག་སྟེ། ཟློས་གར་གྱིས་ཨ་རུ་ནཱ་ཅལ་ནས་ཡིན་པའི་སློབ་ཕྲུག་ ༡༠ ལ་དུས་ཡུན་ཟླ་ ༣ རིང་ཟློས་གར་གྱི་སྦྱོང་བརྡར་ཆ་ཚང་གནང་འཆར་ཡོད་སྐོར་གསུངས་རྗེས། ཉེ་སྔོན་ཨ་རུ་ནཱ་ཅལ་ནང་བྱུང་བའི་ངོ་རྒོལ་ལས་འགུལ་སྐོར་ལ་ཁོང་གིས།  གནས་ཚུལ་དེ་དག་མང་ཆེ་ཤོས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བྱུང་བའི་གནས་ཚུལ་རེད་ལ་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད་དུས། ཐོག་མ་དེར་ངས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་བོད་པ་ཚོར་མཐུན་སྦྱོར་རོགས་རམ་ཧ་ལས་པའི་ཡག་པོ་གནང་སོང་བ་དང་། ད་ལྟ་གནང་དང་གནང་མུས་ཡིན་དུས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཨ་རུ་ནཱ་ཅལ་ཁུལ་དུ་བོད་པ་སྟོང་ཕྲག ༥ ཙམ་ལས་ཡོད་པ་མ་རེད། ད་ལྟའི་ཆར་བོད་པའི་གཞིས་ཆགས་ཁག་གི་ནང་ཡོད་པའི་བོད་མི་ཚོ་དང་ཡུལ་མི་ཚོ་ཧ་ཅང་འཆམ་པོ་མཐུན་པོ་བསྡད་འདུག་པས། ས་གནས་ཡུལ་མི་ཚོ་དང་བོད་པ་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། བོད་པ་ཚོར་མཚོན་ན། ཡུལ་མིའི་ཁྲིམས་འཁུར་དགོས་པ་དང་མི་རིགས་མཐུན་སྒྲིལ་དགོས་པ། དུས་རྟག་ཏུ་ཞི་བའི་ངང་ནས་འཚོ་བ་སྐྱེལ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེའི་རྗེས་ལ་འཇམ་དཔལ་དབང་འདུས་མཆོག་གིས། ཐེངས་འདིར་ང་ཡོང་དོན་གཙོ་བོ་དེ་ཨ་རུ་ནཱ་ཅལ་ནང་ཡོད་པའི་མོན་རིགས་སློབ་ཕྲུག་ཁག་ཅིག་འཁྲིད་དེ་ཟློས་གར་སྦྱོང་བའི་ཆེད་དུ་ཡོང་བ་ཡིན། ཀུན་གྱིས་ཤེས་གསལ་ལྟར་ཉེ་སྔོན་རང་བློ་ཕམ་བྱུང་དགོས་པའི་གནད་དོན་ཞིག་བྱུང་བ་རེད། སྐབས་དེར་ང་ཚོ་མོན་རིགས་ཚང་མས་མངའ་སྡེའི་བློན་ཆེན་བརྒྱུད་བློ་ཕམ་ཚད་མེད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད། སྤྱིར་བཏང་མི་མང་པོ་ཞིག་གིས་ཨ་རུ་ནཱ་ཅལ་གྱི་གནས་སྟངས་དེ་ཤེས་ཀྱི་ཡོད་པ་རེད། ཨ་རུ་ནཱ་ཅལ་ཁུལ་དུ་མི་རིགས་ཧ་ཅང་མང་པོ་ཞིག་ཡོད་པ་རེད་ལ། ང་ཚོ་ནང་པ་ཚོར་ཆ་བཞག་ན་བརྒྱ་ཆ་ ༡༠ ཙམ་ལས་མེད་པ་རེད། ང་ཚོར་མཚོན་ན་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སེར་འབྲས་དགའ་གསུམ་མཚོན་པའི་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་མཁན་མང་ཐག་ཆོད་ཅིག་ཡོད་པ་རེད། ཁོ་ཚོར་ཡིན་ནའང་བདེ་བོ་མེད་པའི་གནས་སྟངས་འོག་ཆོས་རིག་ལས་ཁུངས་ཀྱི་འགན་འཁུར་བའི་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བཤད་ཅིག་བྱས་ན་ཡག་པོ་ཡོད་སྐོར་བརྗོད་བཞིན་འདུག དེ་ཡིན་དུས་གསལ་བཤད་ཞུ་དགོས་པ་ཞིག་ལ་མང་པོ་ཞིག་གིས་ཨ་རུ་ནཱ་ཅལ་ལབ་དུས་མོན་པ་གཅིག་པུར་ངོས་འཛིན་བྱེད་ཀྱི་མེད་དམ་བསམ་པ་ཞིག་འདུག སྤྱིར་བྱང་ཤར་ཁུལ་དེ་རྒྱ་གར་གྱི་མི་འབོར་མང་བའི་མངའ་སྡེ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་པ་རེད་ལ། དེའི་ནང་མི་འབོར་འབུམ་ ༡༤ ཞིག་ཡོད་དུས་ང་ཚོ་གྲངས་ཉུང་མི་རིགས་ཆགས་ཀྱི་ཡོད་སྟབས། མཚམས་མཚམས་ཆབ་སྲིད་ཀྱི་དཀའ་རྙོག་དེ་འདྲ་བྱུང་གི་ཡོད་པ་རེད། ཉེ་སྔོན་སློབ་མའི་ཚོགས་པས་ངོ་རྒོལ་བྱས་པ་དེ་དྲ་རྒྱ་ཁག་ཏུ་ཚང་མའི་མཐོང་ཡོད་པ་ལྟར་བློ་ཕམ་ཆེན་པོ་སྐྱེས་གཞི་ཞིག་རེད། ཅེས་གསུངས་སོང་།

གནད་དོན་དེ་དང་འབྲེལ་ནས་མི་རིང་བར་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པའི་སྐོར་ལ་ཁོང་གིས། རྗེས་ཕྱོགས་དེ་ལྟར་མི་ཡོང་བའི་སྐོར་ལ་ཕྱི་ཟླ་ ༨ ཚེས ༡༢ ལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་རེད། ཚོགས་འདུ་དེར་ང་ཚོས་དམིགས་ཡུལ་ཆེན་པོ་ ༣ བཀོད་ཡོད་པ་རེད། སྤྱིར་མོན་དང་བོད་ཀྱི་བར་ལ་མི་རབས་ནས་མི་རབས་བར་འབྲེལ་བ་ཞིག་ཡོད་པ་རེད་ལ། དེ་བཞིན་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ང་ཚོའི་རྩ་བའི་བླ་མ་རེད། མི་རྒན་པ་ཚོས་གནས་སྟངས་དེ་དག་གི་སྐོར་ལ་ཤེས་ཀྱི་ཡོད་ན་ཡང་མི་རབས་གཞོན་པ་ཚོ་ས་གནས་གང་སར་སློབ་གྲྭ་སོང་བསྡད་པ་ཡིན་དུས་མི་ཤེས་མཁན་མང་པོ་ཞིག་འདུག གཅིག་དེ་ང་ཚོས་གཞོན་སྐྱེས་ཚོར་དེ་དག་གི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་བོད་པའི་སློབ་གྲྭ་ཁག་ནང་ཡོད་པའི་སློབ་ཕྲུག་ཚོའི་ཕ་མ་ཚོར་གོ་རྟོགས་སྤེལ་བ་སོགས་ཀྱི་འཆར་གཞི་ཡོད་པ་རེད། གཞོན་སྐྱེས་ཚོས་ཧ་མ་གོ་བར་དེ་ལྟ་བུའི་ལས་འགུལ་ནང་འགྲོ་སྲིད་དུས། རྗེས་ཕྱོགས་དེ་ལྟར་མི་ཡོང་ཆེད་ཐབས་ལམ་དེ་ལྟར་བྱེད་པར་འབད་བརྩོན་བྱེད་ཀྱི་ཡིན་མོད། དོན་དག་ག་ཚོད་ཅིག་འགྲུབ་མིན་བཤད་ཚོད་ཁག་པོ་རེད། ཅེས་གསུངས་སོང་།

གཞན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་ང་ཚོའི་རྩ་བའི་བླ་མ་ཡིན་པ་དང་བོད་པ་ཚོ་སྐྱབས་བཅོལ་དུ་ཕེབས་ནས་ཁོང་ཚོར་ཕན་ཐོགས་བྱུང་བའི་སྐོར་ལ་ཁོང་གིས། མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ལགས་ལ་མཚོན་ན་ནང་པ་རེད་ལ། མོན་པ་ཡང་རེད། ལྷག་པར་དུ་རྒྱལ་བ་རིན་པོ་ཆེའི་སློབ་མ་ཞིག་ཡིན་པའི་ངོས་ནས་བོད་པ་ཚོར་བརྩི་མཐོང་དང་གུས་ཞབས་ཡོད་པ་རེད། སྤྱིར་དེ་ལྟར་བཤད་ན་ཡག་པོ་ཡོད་པ་མ་རེད་དེ། དེ་ཡི་རྐྱེན་གྱིས་ཕར་ནས་མཚམས་རེར་ཆབ་སྲིད་སྐོར་ལ་རྙོག་དྲ་ཞིག་ཡོང་གི་ཡོད་པ་རེད། གློ་བ་ཚོར་མཚོན་ན་ཁ་ཤས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་ཡ་རབས་སྤྱོད་བཟང་ཡོད་མཁན་མང་པོ་ཡོད་པ་རེད། ཡིན་ན་ཡང་། རིགས་ཁ་ཤས་ལ་སློབ་སྦྱོང་མེད་ཆོས་ཀྱང་མེད་དུས་དཀའ་རྙོག་ཕྲ་ལ་ཕྲན་བུ་ཡོང་གི་ཡོད་པ་རེད། ངས་མཛུ་གུ་བཙུགས་ཏེ་ལབ་ཐུབ་པ་མ་རེད་དེ་མཚམས་མཚམས་དཀའ་རྙོག་ཕྲན་བུ་ཡོང་གི་འདུག སྤྱིར་གློ་བ་དང་ང་ཚོ་འཆམ་པོ་ཡོད་ན་ཡང་མཚམས་རེར་དེ་ལྟ་བུ་ཡོང་གི་ཡོད་དུས་དེ་དག་མི་ཡོང་བ་བྱ་རྒྱུ་དེ་ང་ཚོ་མོན་པ་ཚོས་ལས་འགན་རེད་བསམ་ཀྱི་འདུག བོད་པ་ཚོ་སྐྱབས་བཅོལ་ལ་ཡོང་བ་ནས་ང་ཚོའི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད་ལ། དེའི་ནང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ང་ཚོའི་རྩ་བའི་བླ་མ་ཡིན་དུས་ཁོང་གི་ཐུགས་ཕམ་པོ་བྱུང་བ་ཡིན་ན་དེ་ལས་བློ་ཕམ་སྐྱེས་ས་ཞིག་མེད་པ་རེད། དེ་ཡིན་དུས་དེ་དག་གི་སྐོར་ལ་ང་ཚོས་ནན་ཏན་གྱིས་ལས་ཀ་བྱ་འཆར་ཡོད། ཅེས་གསུངས་སོང་།

དེའི་རྗེས་དྲུང་འཕར་ཚེ་རིང་སྒྲོལ་མ་ལགས་ནས་གཞི་རྩའི་ཨ་རུ་ནཱ་ཅལ་ནང་བྱུང་བའི་གནས་ཚུལ་དེ་རྙོག་གླེང་ཆེན་པོ་རིགས་རྩ་བ་ཉིད་ནས་མ་རེད་ལ། གཞིས་ཆགས་ཁག་ཏུ་ཞི་འཇམ་པོ་ཞེ་དྲགས་རེད། ཡིན་ན་ཡང་། ཉེ་ཆར་ཕྱི་ཟླ་ ༧ ཚེས ༡༢ ཉིན་མི་ཉུང་ཤས་ཤིག་གམ་སློབ་ཕྲུག་ཁག་ཅིག་ཡོང་ནས་གཞིས་ཆགས་ནང་ལ་སྐད་འབོད་བརྒྱབ་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་བཞིན་ཕྱི་ཚེས་ ༡༣ ཉིན་འབུམ་སྡེ་ལ་ཁུལ་དུ་དེ་ལྟར་རྙོག་ཟིང་ཅུང་ཙམ་བྱུང་བ་རེད། གནས་ཚུལ་དེ་དག་བརྙན་འཕྲིན་དང་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེན་བྱས་ཏེ་མི་རེ་ཟུང་ཞིག་གི་རྐྱེན་གྱིས་སྤྱི་ཡོངས་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད་དུས། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་དང་ལས་ཁུངས་ཁག བོད་མི་སྤྱི་ཡོངས་ལ་བློ་འཚབ་ཆེན་པོ་ཞིག་ཡོང་བསྡད་ཡོད་པ་རེད། གནས་སྟངས་དེའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་བཞིན་ནང་སྲིད་ལས་ཁུངས་ངོས་ནས་ཉིན་མཚན་དུས་དྲུག་དང་མཐའ་ན་དུས་ཚོད་སྐར་མ་བྱས་ཏེ་ས་གནས་མགོ་འཛིན་ལགས་ལ་འབྲེལ་བ་བྱས་ཏེ་གནས་སྟངས་ག་འདྲ་ཆགས་ཡོད་མེད་སྐོར་ཆ་ཚང་བཀའ་ཤག་ལ་སྙན་གསེང་ཞུས་པ་ཡིན་ལ། སྙན་གསེང་ཞུས་པ་བཞིན་གནས་ཚུལ་ཕྲན་བུ་རིགས་ཉེན་ཚབ་ཡོང་རྒྱུའི་རིགས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགོངས་པ་ཆེར་བཞེས་ཀྱི་ཐོག་ནས་དབུས་ལས་ཁུངས་ལ་འབྲེལ་བ་གནང་ཡོད་པ་རེད་ལ། དེ་བཞིན་ནང་སྲིད་ལས་ཁུངས་ངོས་ནས་མངའ་སྡེ་གཞུང་དང་བློན་ཆེན་ཁག་ལ་འབྲེལ་བ་བྱས་ཏེ། ད་ལྟའི་ཆར་ཞི་འཇམ་པོ་ཡོང་བསྡད་ཡོད་པས་སེམས་འཚབ་རྩ་བ་ནས་གནང་དགོས་མི་འདུག ཅེས་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས་གནས་ཚུལ་དེའི་ཐད་མོན་རིགས་སྤུན་ཟླ་ཚོས་སེམས་འཚབ་གནང་མི་དགོས་པའི་འབོད་སྐུལ་གནང་དོན། ད་ལྟ་གོང་དུ་གསུངས་པ་བཞིན་ས་གནས་ནས་མོན་རིགས་སྤུན་ཟླ་ཚོས་ཨ་རུ་ནཱ་ཅལ་ནང་ཡོད་པའི་བོད་རིགས་ཚོར་སེམས་འཚབ་ཡོད་པ་ཡིན་ན། ས་གནས་གང་དུ་ཡིན་ན་ཡང་ཧ་ལས་པའི་ཡག་པོ་གནང་གི་འདུག་པས་སེམས་འཚབ་མ་གནང་རོགས་ཞུས་པ་ཡིན། མོན་རིགས་ཚོས་གསར་འགོད་གསལ་བསྒྲགས་གནང་དགོས་པ་ཡིན་ན་རེད་ཁྲོམ་ལ་ཐོན་ནས་ལས་འགུལ་སྤེལ་དགོས་པ་སོགས་ཧ་ལས་པ་གནང་གི་ཡོད་དུས། མོན་རིགས་སྤུན་ཟླ་ཡོངས་ལ་བོད་མིའི་སྒྲིག་འཛུགས་དང་འཇམ་དཔལ་དབང་འདུས་ལགས་བརྒྱུད་དེ། ད་ལྟ་བར་དུ་འགན་འཁུར་བཞེས་པ་དང་གང་ཅིའི་ཐད་ནས་ཕྱག་རོགས་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ང་ཚོསའིངོས་ནས་མངའ་སྡེའི་བློན་ཆེན་བརྒྱུད་ཨ་རུ་ནྰ་ཅལ་གཞུང་རང་གི་ངོས་ནས་ས་གནས་ལ་ལྷིང་འཇགས་པོ་ཡོང་ཆེད་དུ་གང་ཅིའི་ཐད་ནས་ཁྲིམས་ཐག་ཆོད་པོའི་ངང་ནས་ལག་བསྟར་གནང་དང་གནང་བཞིན་པ་རེད། དེ་ལྟ་བུའི་འགན་འཁུར་ཆེན་པོ་ཞིག་བཞེས་པར་བློན་ཆེན་མཆོག་གི་དབུས་པའི་མངའ་སྡེ་གཞུང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༣༡

Leave a Reply

One thought on “མོན་རིགས་སྤུན་ཟླ་ཚོས་སེམས་འཚབ་གཏན་ནས་གནང་མི་དགོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རྒྱ་གར་དབུས་གཞུང་ནས་ཕྱིར་ལོག་ཡིག་ཆ་NORI ཞུ་མི་དགོས་པ་
    བཟོས་ཡོད་ན་འབྲེལ་ཡོད་ས་གནས་འགོ་འཛིན་རྒྱུད་མི་མང་ལ་གསལ་
    བསྒྲགས་བཀྲིན་ཆེ་ཞུ་།