རྒྱ་ནག་དྲ་རྒྱ་དོ་དམ་ཁང་གི་མགོ་འཁྲིད་ཀྱིས་ནག་ཉེས་ངོས་ལེན་བྱས།

རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱའི་ཆ་འཕྲིན་དོ་དམ་ཁང་གི་མགོ་འཁྲིད་ཟུར་པ་ལེའུ་ཝེ་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་མོ་ཇེན་ཁྲང་སོགས་མཐོ་རིམ་མགོ་འཁྲིད་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག

 ཁ་སང་པེ་ཅིན་ཆེས་མཐོའི་མི་མང་ཁྲིམས་ཁང་གིས། རྒྱ་ནག་དབུས་དྲིལ་བསྒྲགས་ཀྱི་མགོ་འཁྲིད་གཞོན་པ་དང་། རྒྱལ་ཁབ་ཀྱི་དྲ་རྒྱའི་ཆ་འཕྲིན་དོ་དམ་ཁང་གི་མགོ་འཁྲིད་ཟུར་པ་ལོའུ་ཝེ་ཡིས་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་གནད་དོན་ཐད་ཁྲིམས་བཤེར་བྱས་པ་བརྒྱུད། ལོའུ་ཝེ་ཡིས་ནག་ཉེས་ངོས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང་། ཁོ་ལ་ཁྲིམས་ཆད་ག་རེ་བཅད་ཡོད་མེད་ཡོངས་བསྒྲགས་བྱས་མེད་པ་རེད།

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་ལྟར་ན།  ལོའུ་ཝེ་ཡིས་རང་ཉིད་ཀྱི་དབང་ཤུགས་བཀོལ་ཏེ་ལག་འོག་གི་ལས་མི་བརྒྱུད་གཞན་ལ་ཁེ་སྤོགས་བསྐྲུན་སྟེ། ལྐོག་རྔན་གྱི་དངུལ་འབོར་ཆེན་དང་ཅ་དངོས་བླངས་ཡོད་པ་དང་། ་ལོའུ་ཝེ་དང་ལྷན་དུ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་མོ་ཇེན་ཁྲང་(Mo Jiancheng)དང་ཧི་པའེ་ཞིང་ཆེན་གྱི་ཆབ་སྲིད་རྒྱུན་ལས་ལྷན་ཚགོས་གྱི་ཚོགས་གཞོན་ཀྲང་ཇེ་ཧའོ་(Zhang Jiehui)གཉིས་ཀྱིས་ཀྱང་དབང་ཆ་ལོག་སྤྱོད་བྱས་ཏེ། དངུལ་དངོས་ཀྱི་ལྐོག་རྔན་བླངས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་འདུག

 ལོའུ་ཝེ་ནི་ཞི་ཅིན་ཕིན་གྱི་དཔུང་རོགས་ཤིག་ཡིན་པ་དང་། ཞི་ཡི་སྲིད་འཛིན་སྐབས་དང་པོའི་རིང་ལོའུ་ཝེ་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་འགན་འཛིན་གཞོན་པ་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་དྲ་རྒྱའི་ཆ་འཕྲིན་དོ་དམ་ཁང་གི་མགོ་འཁྲིད་དང་། པེ་ཅིན་གྲོང་ཁྱེར་གྱི་མགོ་འཁྲིད་གཞོན་པ་བཅས་ལོའུ་ཝེ་ཡི་གོ་གནས་གློ་བུར་དུ་འཕར་ཏེ། རྒྱ་ནག་གི་མི་གྲངས་ས་ཡ་ ༧༣༠ ལྷག་གི་དྲ་ལམ་སྟངས་འཛིན་བྱས་ཡོད་པ་དང་། སྐབས་དེར་ལོའུ་ཝེ་ཨ་རིའི་དུས་དེབ་(Time Magazine)ནང་འཛམ་གླིང་གི་ཆེས་ནུས་ཤུགས་ཅན་གྱི་མི་བརྒྱའི་ཁོངས་སུ་བགྲངས་ཡོད་པ་རེད། དམིགས་བསལ་ཕྱིའི་རྒྱལ་ཁབ་ཁག་གི་འཕྲུལ་ཆས་དང་དྲ་ཐོག་ཚོང་གཉེར་ཁང་མང་པོས་ལོའུ་ཝེ་ནི་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུར་ངོས་འཛིན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༢ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ལོའུ་ཝེ་ཡིས་ཏང་གི་སྒྲིག་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་ཡོད་པའི་དོགས་གཞིའི་འོག་ཉེས་མིང་འོག ཁོའི་ནང་མི་དང་ལས་རོགས་བཅས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༢ པའི་ནང་ཁོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དབང་ཆ་དང་ཐོབ་ཐང་ཚང་མ་ཕྱིར་བསྡུས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༣༡

Leave a Reply