དཔལ་ནོར་བཟོ་ཚོང་ཁང་སྒོ་འབྱེད་བྱས།

དཔལ་ནོར་བཟོ་ཚོང་ཁང་གིས་བོད་མིའི་ཚོང་ཟོག་རྣམས་རྒྱལ་སྤྱིའི་ཁྲོམ་རར་བསྐྱལ་ཏེ་དཔལ་འབྱོར་ཡར་གཏོང་ཐབས་དང་བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་དཀའ་ངལ་ཅན་གྱི་སློབ་ཕྲུག་ལ་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ་ ༥ སྤྲོད་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་རིགས་ན་གཞོན་ཚེ་རིང་ནོར་བུ་ལགས་དང་བཀྲ་ཤིས་དཔའ་ལྡན་ལགས་གཉིས་ཀྱི་གཙོས་གཞོན་སྐྱེས་ ༦ གིས། བཟོ་ཚོང་ཁང་དཔལ་ནོར་དང་དེའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་ཚོང་དྲ་བ་(https://www.palnor.com)སྒོ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་དང་། དྷ་ས་སྔགས་པ་གྲྭ་ཚང་གི་ཕྱག་མཛོད་ཐུབ་བསྟན་ཆོས་ཉིད་རང་གྲོལ་ལགས། དེ་བཞིན་བཙན་བྱོལ་བོད་མིའི་མི་ཚེའི་བརྙན་ཐུང་བཟོ་སྐྲུན་པ་བསྟན་འཛིན་ཀུན་བཟང་ལགས་དང་། རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷ་ལགས། མི་མང་བཅས་མི་གྲངས་ ༢༠ ལྷག་འཛོམས་འདུག

མཛད་སྒོའི་སྟེང་དཔལ་ནོར་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུ་ལགས་ཀྱིས་དཔལ་ནོར་བཟོ་ཚོང་ཁང་གི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་སྐབས།  བོད་ཀྱི་སྤྱི་ཚོགས་ནང་གནའ་རྫས་རྙིང་པ་སོགས་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་སོགས་བརྒྱུད་ནས་འཚོང་གི་ཡོད་པ་ལས། དེ་དག་འཚོང་བར་ཆེད་དུ་དམིགས་པའི་བརྒྱུད་ལམ་ཞིག་མེད་རྐྱེན། ང་ཚོ་བོད་པའི་སྤྱི་ཚོགས་ནང་དྲ་ཐོག་ཚོང་ལས་ལ་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་རེད། སྟོང་ཆ་དེ་སྐོང་ཐུབ་པར་ང་ཚོ་མི་ ༦ དེ་བྱིས་པ་ཆུང་ཆུང་ལྟར་གོག་ཞོར་དང་ལངས་ཞོར་དུ་འགྲོ་ཡི་ཡོད་པ་རེད། མ་འོངས་པར་བཟོ་ལས་ཁང་འདིས་བོད་མི་མང་པོ་ཞིག་ལ་ལས་ཀ་སྤྲོད་ཐུབ་པ་མ་ཟད། བོད་མི་ཚོང་པ་ཚོས་དྲ་ཐོག་བརྒྱུད་རང་ཉིད་ཀྱི་ཚོང་ཟོག་ཤུགས་ཆེན་བཙོང་ཐུབ་པར་རམ་འདེགས་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་གི་འཁོར་རྒྱ་ཆེ་རུ་སོང་སྟེ། བོད་མི་སྤྱིའི་དཔལ་འབྱོར་ཡར་རྒྱས་འགྲོ་བར་དམིགས་ཀྱི་ཡོད་ལ། བོད་པ་རང་གིས་བཟོས་པའི་ཐོན་རྫས་རྣམས་རྒྱལ་སྤྱིའི་ཁྲོམ་རར་བསླེབ་ཐུབ་པར་དམིགས་ཀྱི་ཡོད། དེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ཐད་ནས་་ང་རང་ལ་མཚོན་ན་འཛིན་རིམ་ ༡༢ བར་བོད་ཁྱིམ་སློབ་གྲྭ་ནང་རིན་མེད་ངང་སློབ་སྦྱོང་བྱས་པ་རེད་ལ། མང་པོ་ཞིག་ལ་མཐོ་སློབ་ལ་བསླེབས་རྗེས་མུ་མཐུད་སློབ་སྦྱོང་བྱ་འདོད་ཡོད་ཀྱང་། དཔལ་འབྱོར་དཀའ་ཁག་གི་རྐྱེན་གྱིས་སློབ་སྦྱོང་མུ་མཐུད་བྱེད་ཐུབ་ཀྱི་མེད་པ་དེ་མིག་མཐོང་ལག་ཟིན་ཡིན་པར་བརྟེན། དཔལ་ནོར་བཟོ་ཚོང་གིས་ཁེ་བཟང་གི་བརྒྱ་ཆ་ ༥ དེ་བོད་ཕྲུག་ཚོའི་སློབ་སྦྱོང་གི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་ཐག་ཆོད་བྱུང་ཡོད་པ་རེད། ཅེས་དང་། དཔལ་ནོར་ནི་དྲ་ཐོག་ཚོང་ར་ཞིག་ཡིན་པ་དང་། ཚོང་པ་སུ་ཞིག་ཡིན་རུང་ས་ཆ་གང་དུ་ཡང་སོ་སོའི་ཐོན་རྫས་དཔལ་ནོར་བརྒྱུད་འཚོང་ཐུབ་ཀྱི་ཡོད་ལ། འཛད་སྤྱོད་པ་སུ་ཡིན་རུང་ས་གནས་དེར་ཐོན་རྫས་གང་མངགས་པ་དེར་འབྱོར་གྱི་ཡོད་པ། དེ་བཞིན་དཔལ་ནོར་བཟོ་ཚོང་ཁང་གིས་ཇུས་འགོད་བྱས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགའ་སྤྱི་ཚོགས་ནང་བཀྲམས་ཡོད་པ་དེ་ཚོ་ཡང་དྲ་ཐོག་བརྒྱུད་ཉོ་ཐུབ་ཀྱི་ཡོད་སྐོར་བརྗོད་སོང་།

དཔལ་ནོར་བཟོ་ཚོང་ཁང་གིས་ཇུས་འགོད་བྱས་པའི་གྱོན་ཆས་སྐོར་ལ་ཁོང་གིས། ང་ཚོའི་བཟོ་ལས་ཁང་གིས་དེང་དུས་དང་སྲོལ་རྒྱུན་གཉི་ཀའི་གྱོན་ཆས་བཟོ་འཚོང་བྱེད་བཞིན་ཡོད་པ་རེད། ཐེངས་དང་པོར་ཆེད་ལས་པས་ཇུས་འགོད་བྱས་ནས་བཟོས་པ་དེ་ནི་བོད་བཟོ་འོག་འཇུག་ཡིན་ལ། འོག་འཇུག་འདིའི་ཁྱད་ཆོས་གཙོ་བོ་ནི་རྒྱུ་ཆ་སྤྲིན་བལ་སོགས་དེང་སང་མི་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་པའི་རས་ཆ་ཡིན་སྟབས། ནང་ལོགས་ལ་འོག་འཇུག་སོགས་ངེས་པར་དུ་གྱོན་དགོས་ཀྱི་མེད་ལ། འཚེམ་བུ་ཡང་ནམ་རྒྱུན་གྱི་བོད་བཟོ་འོག་འཇུག་ཡིན་ན་འཚེམ་བུ་གཅིག་མ་གཏོགས་ཡོད་པ་མ་རེད་དེ། ང་ཚོའི་དེར་འཚེམ་བུ་གཉིས་དང་བཞི། ལྔ་སོགས་བརྒྱབས་ཡོད་པ་རེད། མ་འོངས་པར་རིམ་གྱིས་ཁྱད་ཆོས་དང་ཇུས་འགོད་འདྲ་མིན་བྱས་པའི་བོད་ལུགས་ཀྱི་གྱོན་ཆས་ཚོང་རར་ཡོང་གི་རེད། ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་དཔལ་ནོར་བཟོ་ཚོང་ཁང་གི་འགན་འཛིན་ལྷན་ཚོགས་རྣམས་ལ་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་བྱེད་དུ་མཇལ་དར་བསྒྲོན་པ་དང་སྦྲགས། བཟོ་ལས་ཁང་འདི་ད་ལྟའི་བོད་མིའི་སྤྱི་ཚོགས་ནང་རྙོག་འཛིངས་ཆེ་བའི་ཆབ་སྲིད་ནང་འཛུལ་ཞུགས་བྱ་མི་ཉན་པ་དང་། འགན་འཛིན་རྣམས་འཆམ་མཐུན་གྱིས་ཆོལ་ཁ་གསུམ་གྱི་མི་ལ་ལས་ཀ་སྤྲོད་ཐུབ་དགོས་པ། བོད་མི་རྣམ་ལ་གོ་སྐབས་མ་རག་པ་མ་གཏོགས་འཇོན་ཐང་མེད་པ་རྩ་བ་ཉིད་ནས་མིན་སྐོར་དང་། ལས་ཀ་མགོ་བཙུགས་ཚར་རྐྱེན་མུ་མཐུད་རྒྱུན་སྐྱོང་དགོས་པ་དང་། ཚོང་རྒྱག་སྐབས་འཛད་སྤྱོད་པ་ནི་ཧ་ཅང་གལ་ཆེན་ཡིན་པས། འཛད་སྤྱོད་པ་ཞིག་གིས་ཚོང་ཟོག་ཉོས་དང་མ་ཉོས་ལ་མ་བལྟས་པར་སྣེ་ལེན་ཡག་པོ་བྱེད་དགོས་པ། དེ་བཞིན་དཔལ་ནོར་གྱིས་བཟོས་པའི་ཚོང་ཟོག་རྣམས་རིན་གོང་ལ་དཔག་པའི་སྤུས་ཀ་ལ་དོ་སྣང་ཤུགས་ཆེན་བྱ་དགོས་སྐོར་ལམ་སྟོན་གནང་སོང་།

མཇུག་ཏུ་དཔལ་ནོར་བཟོ་ཚོང་ཁང་གི་འགན་འཛིན་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས། ང་ཚོ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་པོ་དགོས་ཀྱི་ཡོད་པ་རེད་དེ། དེ་ལས་གལ་ཆེ་བ་ཞིག་ནི་ཁྱེད་ཚོས་གནང་བའི་སེམས་ཁམས་ཀྱི་རྒྱབ་སྐྱོར་དེ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་བས་ཁ་སྔོན་གདན་ཞུ་བྱས་པ་བཞིན་ཕེབས་པའི་སྐུ་མགྲོན་གཙོ་བོ་བདེ་ཆེན་རྣམ་རྒྱལ་ལགས་དང་། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཞན་རྣམས། དེ་བཞིན་རང་བཙན་སློབ་ཕྲུག་ཚོགས་པས་སྒྲ་སྒམ་སོགས་ཀྱི་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཨོ་སི་ཊོ་ལེ་ཡར་ཡོད་པའི་ཐུབ་བསྟན་ཡེ་ཤེས་ལགས་དང་། ཡུ་རོབ་གྱི་བསོད་ནམ་དབང་ཆེན་ལགས། དེ་བཞིན་ཨོ་སི་ཊོ་ལི་ཡར་ཡོད་པའི་ཁོའི་སྦྱིན་བདག་བཅས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། དཔལ་ནོར་བཟོ་ཚོང་ཁང་ལ་དཔལ་འབྱོར་གྱིས་མ་འཛུགས་བྱེད་མཁན་དང་། དེ་མིན་འཚེམ་བུ་སོགས་ལག་རྩལ་དང་གཞན་གསར་སྐྲུན་གྱི་ནུས་པ་ལྡན་པ་སུས་འབྲེལ་བ་བྱས་ནའང་དགའ་བསུ་ཡོད་སྐོར་བརྗོད་སོང་།

སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུ་ལགས་ཀྱིས་འདི་གའི་གསར་འགོད་པར། དཔལ་ནོར་བཟོ་ཚོང་ཁང་ནི་ཕྱི་ལོ་༢༠༡༦ ལོ་ནས་ལས་གཞི་མགོ་འཛུགས་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢༥ ཉིན་དངོས་སུ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་དང་། ད་ལྟ་བཟོ་ཚོང་ཁང་རང་ནས་དཔལ་ནོར་རྟགས་ཅན་གྱི་གྱོན་གོས་གནའ་དེང་ཟུང་འབྲེལ་གྱི་ཉམས་ལྡན་པ་བཏོན་དང་འདོན་མུས་ཡིན་ལ། ད་ལྟའི་ཆར་ཚོགས་མི་༦ ཡོད་སྐོར་དང་། དང་ཐོག་ལས་གཞི་དེ་སེམས་ལ་དྲན་མཁན་ཁོ་རང་དང་བཀྲ་ཤིས་དཔལ་ལྡན་གཉིས་ཡིན་སྟབས། བཟོ་ཚོང་ཁང་གི་མིང་ལའང་དཔལ་ནོར་ཞེས་ཁོ་རང་གཉིས་ཀྱི་མིང་གི་ཕྱེད་ཀ་རེ་བཏགས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༠༡

Leave a Reply