ཐའེ་ཝན་སྲིད་འཛིན་གྱི་ཕྱིར་སྐྱོད་བཀག་སྡོམ།

རྒྱ་ནག་གཞུང་གིས་རྒྱལ་ཁབ་སུ་ཞིག་གིས་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡིན་ཝུན་གྱི་ཕྱི་སྲིད་ལས་དོན་ལ་རྒྱབ་སྐྱོར་བྱས་ན་དེ་ནི་རྒྱ་ནག་གཞུང་གི་འགལ་ཟླར་བརྩི་བཞིན་ཡོད་ཟེར།

ཁ་སང་ཐའེ་ཝན་གཞུང་གིས་སྲིད་འཛིན་ཚའེ་ཡིན་ཝུན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལི་སི་(Los Angeles)དང་ཧོ་སི་ཊོན་(Huston)གཉིས་བརྒྱུད་དེ། ལེ་ཊིན་ཨ་མི་རི་ཁའི་རྒྱལ་ཁབ་བྷེ་ལི་རྫི་(Belize)དང་པ་ར་གྷེ་(Paraguay)གཉིས་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྟབས། རྒྱ་ནག་གཞུང་གིས་ལྕམ་ཚའེ་ཡིན་ཝུན་གྱིས་ཨ་རི་བརྒྱུད་ཕྱོགས་སྐྱོད་བྱེད་པར་ཨ་རིས་ངེས་པར་དུ་བཀག་སྡོམ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད་ཐའེ་ཝན་གྱི་གནད་དོན་འདིས་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་པེ་ཅིན་ཉིན་རེའི་ཚགས་པར་ཁང་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀང་ཧྲང་གིས་། རྒྱ་ནག་དང་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་ཚོས་ཐའེ་ཝན་གྱི་མགོ་འཁྲིད་ལ་ཕྱོགས་སྐྱོད་ཀྱི་གནམ་ཐང་འབབ་ཚུགས་བརྒྱུད་དུ་འཇུག་པར་ང་ཚོས་དོ་ནན་པོའི་ཐོག་ནས་འགལ་ཟླར་རྩི་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་ཚའེ་ཡིན་ཝུན་ལ་ཨ་རི་བརྒྱུད་དུ་མི་འཇུག་པར་ནན་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་འདུག་ལ། རྒྱ་ནག་གིས་ཐའེ་ཝན་དང་འབྲེལ་ལམ་འཛུགས་མཁན་རྒྱལ་ཁབ་ཚོར་ཕྱོགས་གང་ཐད་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། དམིགས་བསལ་གྱིས་ལྕམ་ཚའེ་ཡིན་ཝུན་གྱི་དམངས་གཙོ་ཚོགས་པས་ཐའེ་ཝན་རང་བཙན་རྩོད་ཀྱི་ཡོད་པའི་སྐྱོན་བརྗོད་རིམ་པ་བྱེད་ཀྱི་ཡོད་པ་དང་བསྟུན། ལྕམ་ཚའེ་ཡིན་ཝུན་གྱི་འགྲོ་འདུག་ལ་ཕྱོགས་ཡོངས་ནས་བཀག་འགོག་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མ་འོངས་པར་དམག་ཤུགས་བཀོལ་དགོས་བྱུང་ཡང་ཚུར་ལེན་ཐབས་བྱ་རྒྱུ་ཡིན་ལུགས་དང་།  ཐའེ་ཝན་ནི་ཨ་རི་དང་རྒྱ་ནག་བར་ཚོར་ཤུགས་རྣོ་པོ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་སྐོར་བརྗོད་ཀྱི་ཡོད་པ་ལྟར། ཐའེ་ཝན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐོན་པར་ཨ་རི་སོགས་ཀྱིས་རྒྱབ་སྐྱོར་བྱེད་སྐབས། རྒྱ་ནག་གཞུང་གིས་འཕྲལ་དུ་རྒྱའི་ནང་སྲིད་ལ་ཐེ་གཏོགས་བྱས་སོང་། རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་སོང་ཞེས་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། དམིགས་བསལ་ད་རེས་ལྕམ་ཚའེ་ཡིན་ཝུན་གྱི་ཕྱོགས་སྐྱོད་དེ་ནི་ཨ་རྒྱ་གཉིས་བར་ཚོང་འབྲེལ་འཐབ་འཁྲུག་ཆེན་པོ་རྒྱག་བཞིན་པའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།

ད་ལྟའི་ཆར་ཐའེ་ཝན་ལ་གཞུང་འབྲེལ་ཡོད་པའི་ཁྱོན་རྒྱལ་ཁབ་ ༡༨ ཙམ་ཡོད་པ་དང་། དེ་དག་མང་ཆེ་བ་དབུས་ཨ་མེ་རི་ཁ་དང་ཞི་བདེ་རྒྱ་མཚོའི་མཐའ་འཁོབ་ཀྱི་རྒྱལ་ཁབ་སྐྱོ་བོ་རྐྱང་རྐྱང་ཡིན་པ་དང་།  ད་ལན་ཕེབས་འཆར་ཡོད་པའི་རྒྱལ་ཁབ་དེ་གཉིས་ཀྱང་རྒྱལ་ཁབ་ཆུང་ཆུང་གཉིས་ཡིན་འདུག རྒྱ་ནག་གཞུང་གིས་ཨ་སྒོར་གྱི་སྟོབས་ཤུགས་བེད་སྤྱད་དེ་ཐའེ་ཝན་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་དེར་ཐའེ་ཝན་གྱི་གཙོས་འཛམ་གླིང་གི་ཚོགས་སྡེ་དང་གནད་ཡོད་མི་སྣ་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༠༢

Leave a Reply

One thought on “ཐའེ་ཝན་སྲིད་འཛིན་གྱི་ཕྱིར་སྐྱོད་བཀག་སྡོམ།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རྐུ་མ་ཧམ་ཆེན་མི་གསོད་ཟེར་བ་ལྟར་ཨ་རིའི་
    ནང་སྲིད་ལ་རྒྱ་ནག་གི་འདྲེ་ལག་རྐྱང་པ་མ་རེད་
    དམ་།