པ་ཀི་སི་ཐན་གྱི་སྲིད་བློན་དམ་འབུལ་ཐོག་མུ་དྷི་མགྲོན་འབོད་ཞུ་འཆར།

པ་ཀི་སི་ཐན་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་ཨེམ་རན་ཁཱན་གྱིས་རྒྱ་གར་ཕྱོགས་ནས་ཕན་ཚུན་མཐུན་ལམ་ཡོང་བར་གོམས་སྟབས་གཅིག་སྤོས་པ་ཡིན་ན་པ་ཀི་སི་ཐན་གྱིས་གོམས་སྟབས་གཉིས་སྤོ་རྒྱུ་ཡིན་སྐོར་བརྗོད་འདུག དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། པ་ཀི་སི་ཐན་རྒྱལ་ཡོངས་འོས་བསྡུའི་ཁྲོད་དབྱུག་རྩེད་པ་ཨེམ་རཱན་ཁཱན(Imran Khan)གྱི་པ་ཀི་སི་ཐན་ཊེ་ཧི་རེ་ཁི་ཨེ་སཱ་ཧྥི(Pakistan Tehreek-i-Insaf party)ཚོགས་པར་འོས་གྲངས་མང་ཤོས་ཐོབ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་མེ་རཱན་ཁཱན་གྱིས་པ་ཀི་སི་ཐན་གྱི་སྲིད་བློན་གསར་པའི་དམ་འབུལ་མཛད་སྒོ་ཚོགས་འཆར་ཡོད་པ་དང་། མཛད་སྒོའི་སྟེང་ལྷོ་ཨེ་ཤ་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་ལ་མགྲོན་འབོད་ཞུ་རྒྱུ་ཡིན་པ་ལྟར། རྒྱ་གར་གྱི་སྲིད་བློན་མུ་དྷི་་མཆོག་ཀྱང་དམ་འབུལ་མཛད་སྒོར་མགྲོན་འབོད་ཞུ་འཆར་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། གལ་ཏེ་སྲིད་བློན་མུ་དྷི་མཆོག་གདན་འདྲེན་ཞུས་པ་ཡིན་ན་ཡུལ་དེའི་སྲིད་བློན་དམ་འབུལ་གྱི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག

ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཨེམ་རན་ཁཱན་ཚོགས་པར་རྒྱལ་ཁ་ཐོབ་རྗེས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་ཁ་པར་བརྒྱུད་ཨེམ་རན་ཁཱན་ལ་འཚམས་འདྲི་གནང་ཡོད་པ་དང་། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བརྗོད་པ་ལྟར་ན། སྐབས་དེར་སྲིད་བློན་མུ་དྷི་མཆོག་དང་ཨེམ་རན་ཁཱན་གཉིས་ནས་མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ཕན་ཚུན་ཞི་བདེ་དང་འཆམ་མཐུན་མཉམ་གནས་ཀྱིས་ཡར་རྒྱས་གཏོང་ཐབས་སྐོར་ལ་གྲོས་མོལ་བྱས་ཡོད་འདུག་ལ། འོས་བསྡུའི་དྲིལ་བསྒྲགས་སྐབས་ཨེམ་རན་ཁཱན་གྱིས་རྒྱ་གར་དང་མཉམ་དུ་མཐུན་ལམ་ཡར་རྒྱས་གཏོང་འདོད་པ་ལྟར། རྒྱ་གར་གྱིས་ཕན་ཚུན་མཐུན་ལམ་ཡོང་བར་གོམས་སྟབས་གཅིག་སྤོས་པ་ཡིན་ན་པ་ཀི་སི་ཐན་གྱིས་གོམས་སྟབས་གཉིས་སྤོ་རྒྱུ་ཡིན་པ་སོགས་བརྗོད་པ་དང་། ཁ་སང་ཁོང་ལ་རྒྱལ་ཁ་ཐོབ་པའི་གཏམ་བཤད་སྐབས་ཀྱང་གལ་ཏེ་རྒྱ་གར་ཕྱོགས་ནས་ཕན་ཚུན་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་ན། ང་ཚོའི་ཕྱོགས་ནས་གྲ་སྒྲིག་བྱས་ཏེ་ཡོད་ཅེས་སོགས་བརྗོད་ཡོད་པ་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་བར་ཡུན་རིང་རྩོད་རྙོག་ཆེ་བའི་ཀ་ཤི་མུར་ས་མཚམས་གནད་དོན་སེལ་འདོད་ཡོད་པའི་བརྡ་ལན་ཀྱང་སྤྲད་ཡོད་འདུག

འདི་ལོའི་པ་ཀི་སི་ཐན་གྱི་འོས་བསྡུ་ཆེན་མོའི་སྐབས་རྒྱལ་ཡོངས་ནང་འོས་བསྡུའི་ལྟེ་གནས་ ༨༥༣༠༧ ཆེད་འཛུགས་ཀྱིས་མི་གྲངས་ས་ཡ་ ༡༠༦ ལྷག་གིས་འོས་བསྡུར་ཆ་ཤས་བླངས་པ་བརྒྱུད། རྒྱལ་ཡོངས་དབྱུག་རྩེད་རུ་ཁག་གི་རྩེད་མོ་བ་ཨེམ་རན་ཁཱན་གྱིས་སྣེ་འཁྲིད་པའི་པ་ཀི་སི་ཐན་ཊེ་ཧི་རེ་ཁི་ཨེ་སཱ་ཧྥི(Pakistan Tehreek-i-Insaf party)ཚོགས་པར་འོས་གྲངས་ ༡༦༨༥༥༡༢༤༠ དང་། པ་ཀི་སི་ཐན་ཁ་ཆེའི་མཐུན་ཚོགས་(Pakistan Muslim League)ལ་འོས་གྲངས་ ༡༢༨༩༦༣༥༦། པ་ཀི་སི་ཐན་མི་མང་ཚོགས་པར་(Pakistan Peoples Party)འོས་གྲངས་ ༦༩༠༡༦༧༥ བཅས་ཐོབ་ཡོད་ན་ཡང་། པ་ཀི་སི་ཐན་རྒྱལ་ཡོངས་གྲོས་ཚོགས་ནང་ཁྱོན་རྐུབ་སྟེགས་ ༣༤༢ ཡོད་པ་ལས་གཞུང་འཛིན་ཚོགས་པར་ཉུང་མཐར་རྐུབ་སྟེགས་གྲངས་ ༡༧༢ ཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཨེམ་རན་ཁཱན་གྱི་ཚོགས་པར་རྐུབ་སྟེགས་ ༡༢ ཡིས་འདང་གི་མེད་སྟབས། ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་གཞུང་འཛིན་དགོས་ཀྱི་ཡོད་འདུག

ཐེངས་འདིའི་པ་ཀི་སི་ཐན་གྱི་སྐབས་ ༡༡ པའི་རྒྱལ་ཡོངས་གྲོས་ཚོགས་མི་འཐུས་མི་འོས་བསྡུའི་ཁྲོད་ཟིང་རྙོག་མང་པོ་ཞིག་བསླངས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུ་སོགས་དྲང་པོ་ཡོང་ཡོད་མེད་ཐད་ཕྱོགས་འགལ་ཚོགས་པ་ཕན་ཚུན་བར་རྩོད་རྙོག་དང་འོས་བསྡུའི་གྲུབ་འབྲས་ཁས་མི་ལེན་པ་སོགས་ཀྱི་དཀའ་རྙོག་བྱུང་ཡོད་པ་མ་ཟད། མཐའ་མའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཉིན་ཁ་ཤས་རིང་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་དང་། ཆབ་སྲིད་པ་དང་ཕྱོགས་འགལ་ཚོགས་པའི་འོས་མི་མང་པོས་འོས་བསྡུ་དེ་ཡག་པོ་འགྲོ་ཐུབ་མེད་པ་དང་ས་ཁུལ་ཁ་ཤས་ནང་འོས་གྲངས་རྫུན་མ་བཟོས་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་ནའང་། པ་ཀི་སི་ཐན་དབུས་འོས་བསྡུ་ལྷན་ཁང་ནས་ཐེངས་འདིའི་འོས་བསྡུ་དེ་ཕྱི་གསལ་ནང་གསལ་ངང་ཡག་པོ་འགྲོ་ཐུབ་ཡོད་སྐོར་བརྗོད་ཡོད་པ་རེད། དེ་བཞིན་འོས་བསྡུའི་སྐབས་པ་ཀི་སི་ཐན་གྱི་ས་ཁུལ་མང་པོའི་ནང་ཁ་ཆེའི་དྲག་སྤྱོད་ཚོགས་པས་གོ་སྐབས་བླངས་ཏེ་དྲག་སྤྱོད་སྤེལ་ཡོད་པ་དང་། སྔོན་གྲོའི་འོས་བསྡུའི་ཉིན་དེ་རང་ལ་མི་གྲངས་ ༥༠ ལྷག་བསད་ཡོད་པར་བརྟེན། དངོས་གཞིའི་འོས་བསྡུའི་སྐབས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བདེ་འཇགས་དང་འོས་བསྡུ་ཡག་པོ་ཡོང་ཆེད་དམག་མི་སྟོང་ཕྲག་མང་པོ་བཀྲམས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིའི་འོས་བསྡུ་དེ་པ་ཀི་སི་ཐན་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། དམག་གཞུང་གིས་འདས་པའི་ལོ་ངོ་ ༧༡ རིང་དབང་བསྒྱུར་བྱས་ཏེ་ཆབ་སྲིད་ཚོགས་པ་གང་གིས་ཀྱང་དབང་ཤུགས་ཆེན་པོ་འཛིན་ཐུབ་མེད་པར་བརྟེན། ད་ལན་གྱི་འོས་བསྡུ་དེ་ཡིས་དབང་ཆ་ཚང་མ་ཆབ་སྲིད་ཚོགས་པ་ཞིག་ལ་རྩིས་སྤྲོད་ཀྱི་ཡོད་པ་མཚོན་ཡོད་ཀྱང་། འོས་བསྡུའི་བརྒྱུད་རིམ་མང་པོ་ཞིག་རྩོད་རྙོག་གི་རྩ་བར་གྱུར་ཡོད་པ་དང་། པ་ཀི་སི་ཐན་ཁ་ཆེའི་མཐུན་ཚོགས་ཀྱི་མགོ་འཁྲིད་ཤི་བྷ་ཛི་ཤཱ་རེ་ཧྥི(Shehbaz Sharif)ཡིས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ནི་རྩ་བ་ཉིད་ནས་དང་ལེན་དང་གཟོད་སྒོམ་བྱེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད། འོས་བསྡུའི་བརྒྱུད་རིམ་དང་གྲུབ་འབྲས་ནི་མི་ཚང་མ་ངུ་ཤོར་དགོས་པ་ཞིག་དང་གནད་དོན་དེ་ཡིས། མ་འོངས་པར་པ་ཀི་སི་ཐན་ལོ་ངོ་ ༣༠ ལ་རྗེས་ལུས་ཐེབས་པའི་ཉེན་ཁའི་གནས་སུ་བསྐྱལ་ཡོད་སྐོར་བརྗོད་འདུག དེ་བཞིན་ཕྱོགས་འགལ་ཚོགས་པ་ཚོས་ཨེམ་རན་ཁཱན་ཚོགས་པར་གཞུང་འཛིན་པའི་རྐུབ་སྟེགས་ཀྱི་གྲངས་ཚད་ལོན་མེད་ནའང་། སྲིད་བློན་དམ་འབུལ་གྱི་མཛད་སྒོ་བསྡུ་འཆར་ཡོད་པ་དེར་འདོད་མོས་མེད་པའི་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༩༦ ལོར་ཨེམ་རན་ཁཱན་གྱིས་པ་ཀི་སི་ཐན་ཊེ་ཧི་རེ་ཁི་ཨེ་སཱ་ཧྥི་ཚོགས་པ་གསར་དུ་བཙུགས་ཤིང་། ད་ལྟའི་ཆར་པ་ཀི་སི་ཐན་ནང་ཧ་ཅང་ཤུགས་རྐྱེན་ཆེན་པོར་འགྱུར་བཞིན་ཡོད་འདུག ཚོགས་པ་དེས་ཆབ་སྲིད་གཅིག་པུ་ཙམ་མ་ཡིན་པར་པ་ཀི་སི་ཐན་ནང་གི་ཤེས་ཡོན་དང་འཕྲོད་བསྟེན། མི་མང་གི་ལས་གནས་སོགས་ཀྱི་ཐད་འགན་ཆེན་པོ་ལེན་གྱི་ཡོད་འདུག ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་པ་ཀི་སི་ཐན་ནང་བསམ་བློའི་རང་དབང་དང་བུད་མེད་ཀྱི་ཐོབ་ཐང་། ཆོས་ལུགས་དབྱེ་འབྱེད་ཀྱི་ལྟ་བ་སོགས་མེད་པར་གཏོང་རྒྱུ་དེ་ཡིན་འདུག

དགུང་ལོ་ ༦༥ ཡིན་པའི་ཨེམ་རན་ཁཱན་ནི་ཕྱི་ལོ་ ༡༩༥༢ ལོར་པ་ཀི་སི་ཐན་གྱི་བྱང་ཕྱོགས་ལཱ་ཧོར་རྫོང་ཁོངས་ཀྱི་འབྱོར་ལྡན་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བུ་གཅིག་པུ་དེ་ཡིན་པ་དང་། ཆུང་དུས་ནས་སློབ་གྲྭར་འགྲིམས་ཏེ་རྗེས་སུ་དབྱིན་ཇིའི་ཨོག་ཁི་སི་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་(Oxford University)ནས་སློབ་མཐར་ཕྱིན་ཡོད་འདུག ཁོང་ཆུང་དུས་ནས་དབྱུག་རྩེད་ལ་དགའ་བོ་ཡོད་པས་པ་ཀི་སི་ཐན་དབྱུག་རྩེད་རུ་ཁག་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༠ ལོར་རྒྱལ་སྤྱིའི་དབྱུག་རྩེད་འགྲན་སྡུར་ཁྲོད་ཁོང་གིས་རུ་དཔོན་བྱས་པའི་པ་ཀི་སི་ཐན་ལ་རྒྱལ་ཁ་ཐོབ་ཡོད་འདུག ལོ་དེར་ཁོང་པ་ཀི་སི་ཐན་གྱི་ཆབ་སྲིད་མི་སྣའི་ཁོངས་སུའང་འཛུལ་ཞུགས་བྱེད་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཁོང་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་མི་གྲངས་ས་ཡ་ ༧.༥ ཡིས་ཁོང་གི་ཚོགས་པར་ཡིད་ཆེས་དང་མཐོང་ཆེན་བྱས་ཏེ་འོས་བླུགས་ཡོད་ཀྱང་། ལོ་དེར་གཞུང་འཛིན་ཚོགས་པའི་རྒྱལ་ཁ་ཐོབ་ཐུབ་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༠༡

Leave a Reply