སྐྱེ་རྒུ་འབྲི་སྟོད་རྫོང་དུ་ཚད་རིམ་ ༥།༡ ཅན་གྱི་ས་ཡོམ་བྱུང་།

བོད་སྐྱེ་རྒུ་མདོ་དང་གཞིས་ཀ་རྩེ་སོགས་སུ་སྔ་གཞུག་ཏུ་ས་ཡོམ་ཚད་རིམ་མི་འདྲ་བ་འགའ་བྱུང་ཡོད་ཀྱང་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་གོ་ཐོས་མི་འདུག
དེ་རིང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༣༤ སྟེང་།  བོད་སྐྱེ་རྒུ་མདོ་འབྲི་སྟོད་རྫོང་ཁོངས་སུ་ཚད་རིམ་༥།༡ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཡོད་པ་དང་། འདི་གའི་གསར་འགོད་པས་སྐྱེ་རྒུ་ནས་ཡིན་པའི་བོད་མི་ཁག་ཅིག་ལ་དེའི་སྐོར་སྐད་ཆ་དྲིས་ཀྱང་། གནོད་སྐྱོན་བྱུང་བའི་སྐད་ཆ་གོ་ཐོས་བྱུང་མི་འདུག

ཨ་རིའི་ས་དཔྱད་རིག་པའི་དྲ་བའི་ནང་དེ་རིང་ས་ཡོམ་དེ་ཚད་རིམ་ ༥།༣ ཡིན་པ་དང་། གཏིང་ཟབ་ཚད་སྤྱི་ལེ་ ༡༣ དང་། རྒྱ་ཁྱོན་ཁྱབ་ཚད་སྤྱི་ལེ་ ༨༦ ཡིན་སྐོར་བརྗོད་འདུག

རྒྱ་ནག་ས་ཡོམ་དྲ་བས་འདས་པའི་ཆུ་ཚོད་ ༤༨ རིང་གི་ས་ཡོམ་གནས་ཚུལ་ནང་བཀོད་པ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་ཁུལ་གཞིས་ཀ་རྩེའི་བཞད་མཐོང་སྨོན་རྫོང་ལ་ཚད་རིམ་ ༤།༢ ཅན་ཞིག་དང་། ཚད་རིམ་ ༣།༡ ཅན་ཞིག་བྱུང་ཡོད་པ་དང་། དེ་བཞིན་ཀན་ལྷོ་ཁུལ་དུ་ཚད་རིམ་ ༢།༩ ཅན་གྱི་ས་ཡོམ་ཆུང་ཆུང་ཞིག་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན་སྐྱེ་རྒུ་མདོ་འཁྲི་འདུ་རྫོང་ཁོངས་སུ་ཚད་རིམ་ ༥།༣ ཅན་གྱི་ས་ཡོམ་གཉིས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༧ ཉིན་སྐྱེ་རྒུ་མདོ་རྫ་སྟོད་རྫོང་དུ་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་མིའི་སྡོད་ཁང་སོགས་ལ་གནོད་སྐྱོན་ཅུང་ཙམ་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༠ ལོར་ས་ཡོམ་གནོད་སྐྱོན་ཚབས་ཆེ་ཤོས་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply