རྒྱ་ནག་ནང་བསྟན་ཆོས་ལུཊ་མཐུན་ཚོཊ་ཀྱི་ཚོཊ་གཙོས་བཙན་གཡེམ་བྱས་པའི་གླེང་རྙོག་བྱུང་།

རྒྱ་ནག་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་མཁན་པོ་གསུམ་གྱིས་བཙུན་མ་དང་སློབ་ཕྲུག་བུ་མོར་མགོ་སྐོར་བཙན་གཡེམ་བཏང་བ་དང་སྤྱི་རྒྱུ་སྒེར་སྤྱོད་སོགས་བྱས་པའི་གླེང་རྙོག་རིམ་པར་རྒྱ་གཞུང་གིས་ཉན་འཇོག་བྱས་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན།  པེ་ཅིན་ལོང་ཆན་དགོན་པའི་བཙུན་མ་ཧྲི་ཤན་ཇ་(Shi Xianjia)དང་ཧྲི་ཤན་ཆེ་(Shi xianqi) ཞེས་པ་གཉིས་ཀྱིས།  ཤོག་གྲངས་༩༥ཡོད་པའི་གཏུག་ཡིག་ཅིག་སྲིད་གཞུང་ལ་ཕུལ་ཏེ།  ལོང་ཆན་དགོན་པའི་མཁན་པོ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཤེ་ཁྲིན(Shi Xuecheng)གྱིས། ཉུང་མཐར་ཡང་བཙུན་མ་ ༦ ལ་མགོ་སྐོར་བཙན་གཡེམ་བྱས་སྐོར་ཞུ་གཏུག་རིམ་པ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཁན་པོས་ནག་ཉེས་ངོས་ལེན་བྱས་མེད་ཚུལ་ཙམ་བརྗོད་ནས་གནད་དོན་དེ་ཡ་མེད་དུ་བཏང་ཡོད་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མཁན་པོ་ཧྲི་ཤེ་ཁྲིན་དང་འབྲེལ་བའི་གླེང་རྙོག་སྣ་ཚོགས་བྱུང་གི་ཡོད་པ་རྣམས་ནག་གསུབ་གཏོང་གི་ཡོད་འདུག

ཞུ་གཏུག་པ་བཙུན་མ་གཉིས་ནི་རྒྱ་ནག་ཆིན་ཧྭ་སློབ་ཆེན་ནས་འབུམ་རམས་པ་ཐོན་ཞིང་། བཙུན་མ་ཧྲི་ཤན་ཇ་མཁན་པོ་ཤེ་ཁྲིན་གྱི་དྲུང་ཡིག་ཡིན་པ་དང་། བཙུན་མ་ཧྲི་ཤན་ཆེ་ནི་དེ་སྔོན་ལོང་ཆན་དགོན་པའི་ལས་བྱེད་མཐོ་གྲས་ཤིག་ཡིན་འདུག ཁོང་གཉིས་ཀྱི་གཏུག་ཡིག་ནང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་མཁན་པོ་ཧྲི་ཤེ་ཁྲིན་གྱིས་པེ་ཅིན་དུ་གནས་སྡོད་བཙུན་མ་ཞིག་ལ་འཁྲིག་སྤྱོད་སྐོར་ཀྱི་འཕྲིན་ཡིག་ཅིག་བསྐུར་ཡོད་པ་ཤེས་རྟོགས་བྱུང་རྗེས། མཁན་པོའི་བྱ་སྤྱོད་ལ་ཞིབ་འཇུག་གི་མགོ་བཙུགས་ཡོད་པ་དང་། མཁན་པོས་སེམས་འཛིན་པའི་ (Mind Control)་ཉམས་ལེན་ཁྲོད་འཁྲིག་སྤྱོད་ནི་གསང་སྔགས་ཀྱི་ལྟ་སྤྱོད་མཆོག་ཏུ་གྱུར་བ་ཞིག་ཡིན་སྐོར་བརྗོད་དེ། དགེ་ཕྲུག་མ་མང་པོར་ཆགས་སྤྱོད་སྤེལ་བའི་ཁྲོད་ནས་བཙུན་མ་བཞི་ཡིས་ཡིད་ཆེས་བྱས་ཏེ་འཁྲིག་སྤྱོད་དང་ལེན་བྱས་ཡོད་སྐོར་བརྗོད་འདུག

བཙུན་མ་ཧྲི་ཤན་ཇ་ཡིས་མོ་རང་འབྲེལ་འདྲིས་བྱུང་བའི་བཙུན་མ་ཞིག་དེ་སྔོན་མཁན་པོ་ཧྲི་ཤེ་ཁྲིན་གྱིས་སྒོམ་སྒྲུབ་ཁང་དང་ཕྱི་རྒྱལ་སོགས་ལ་སློབ་སྦྱོང་བྱེད་དུ་བཏང་ཡོད་པ་མ་ཟད།  དེ་ནས་སློབ་གྲྭ་ཞིག་ཏུའང་བཏང་ནས་ཅུང་མ་འགོར་བར་བཙུན་མ་དེ་ཕྱིར་དགོན་པར་ལོག་ཡོད་ཀྱང་། ལོ་གཅིག་གི་རྗེས་སུ་སེམས་ཁམས་བདེ་ཐང་མེད་པ་ཆགས་ཡོད་སྐོར་དང་། ཡང་བཙུན་མ་གཞན་ཞིག་གིས་ཀྱང་དགོན་པ་ནས་ཐོན་རྗེས་དགེ་རྒན་དང་ཆོས་གྲོགས་ཚོར་བཅངས་བའི་ཡིད་ཆེས་བརླག་གི་ཡོད་པ་མ་ཟད། མོ་རང་གི་སེམས་ཁམས་ཀྱང་བདེ་ཐང་མིན་སྐོར་བརྗོད་ཡོད་པ་ལྟར། བཙུན་མ་གཞན་ཞིག་ཀྱང་གཅིག་མཚུངས་ཀྱི་གནས་སྟངས་འོག་ལྷུང་ཡོད་སྟབས། ཉུང་མཐར་ཡང་གནས་ཚུལ་དེ་འདྲ་གཉིས་ལས་མང་བ་བྱུང་འདུག་ཅེས་བརྗོད་ཡོད་འདུག

ཡང་གཏུག་ཡིག་ནང་དགོན་པའི་ནང་སྒོར་མོ་དང་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་ཡོད་སྐོར་བཀོད་པའི་ནང་། དགོན་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་སྒོར་ས་ཡ་བརྒྱ་ཕྲག་མང་པོས་ཁང་རྩེག་བརྒྱབས་ཡོད་པ་དང་། སྒོར་མོའི་རྩོད་རྙོག་ཀྱང་མང་པོ་བྱུང་ཡོད་པ། དེ་བཞིན་དགོན་པར་གནས་བཞུགས་མི་སྒེར་ལ་བདེ་འཇགས་མིན་པའི་ཉེན་གནས་མང་པོ་བྱུང་ཡོད་སྐོར་སོགས་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། མཁན་པོ་ཧྲི་ཤེ་ཁྲིན་གྱིས་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་ལྟ་ཞིབ་ཀྱི་འགན་འཁུར་གྱི་ཡོད་པ་མ་ཟད། སྲིད་གཞུང་གི་མགྲིན་ཚབ་ལྟ་བུ་བྱས་ཏེ་ཁོས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་སྐོར་ལ་སྡང་ཟུག་ཆེན་པོས་དཔྱད་རྩོམ་མང་པོ་སྤེལ་བཞིན་ཡོད་འདུག ཁོ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། དམར་ཤོག་ཚོགས་པའི་སྲིད་དོན་ནང་གོ་བབ་ཆེན་པོ་བཟུང་ཡོད་པར་བརྟེན། ཁོས་ཉིན་གཅིག་ལ་དགོངས་པ་ཞུ་དགོས་པ་ཡིན་ནའང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་ཡར་ཞུ་དགོས་ཀྱི་ཡོད་འདུག

དེ་བཞིན་འདས་ལོའི་ལོ་མཇུག་ཏུ་རྒྱ་ནག་ཧུའུ་ནན་ཧུའུ་ཧེ་ནང་བསྟན་སློབ་གླིང་གི་ཀན་ཝེ་ཞེས་པ་ཞིག་གིས་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡེན་ཧྲིན་(Yin Shun)ཟེར་བ་དེས་ཀྱང་ཆོས་ལུགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གི་ཐོག ཚོགས་ཆེན་༡༩ པའི་བྱ་བའི་སྙན་ཞུ་དེ་ནི་དེང་དུས་ཀྱི་ནང་པའི་བསྟན་བཅོས་ཤིག་ཆགས་ཡོད་པས། ཁོས་དེ་ཐེངས་གསུམ་ལ་ལག་བྲིས་བྱས་ཟིན་ཡོད་ལ། ད་དུང་མུ་མཐུད་དུ་ཐེངས་བཅུ་ལ་ལག་བྲིས་བྱ་རྒྱུ་ཡིན་སྐོར་དང་། ནང་བསྟན་ཆོས་ལུགས་པ་ཚོས་ཏང་གི་གསུང་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་དགོས་སྐོར་སོགས་ཆབ་སྲིད་དྲིལ་བསྒྲགས་བྱས་ཡོད་སྐོར་བརྗོད་འདུག

མཁན་པོ་ཤེ་ཁྲིན་ལྟ་བུའི་མཁན་པོ་གླེང་རྙོག་ཅན་ནི་རྒྱ་ནག་གི་ཆོས་ལུགས་ལྟེ་གནས་མང་པོ་ན་ཡོད་འདུག མིང་དུ་གྲགས་པའི་ཧུའུ་ནན་སོང་ཧྲན་ཧྲོ་ལིན་དགོན་པའི་མཁན་པོ་དང་། ཧུའུ་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲི་ཡོང་ཤི་ཞེས་པས་ལྐོག་ནས་སྡོམ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་ཏེ་ཕྲུ་གུ་གསོས་པ་དང་། ཕྱི་རྒྱལ་དུ་དངུལ་དངོས་འབོར་ཆེན་ཡོད་པ། དེ་བཞིན་པེ་ཅིན་སློབ་ཆེན་གྱི་བུ་མོ་ཚོར་ཚུལ་མིན་འབྲེལ་བ་བཟུང་ཡོད་པ་སོགས་ཀྱི་རྙོག་གླེང་མང་པོ་བྱུང་ཡོད་འདུག

རྒྱ་ནག་དམར་ཕྱོགས་ཀྱི་མི་རབས་གཉིས་པ་ལུའུ་ཡུས་ཟེར་བ་ཞིག་གིས། གནད་དོན་འདི་ནི་རྒྱའི་སྤྱི་ཚོགས་ནང་ཀུན་སྤྱོད་དམས་སུ་ཕྱིན་པའི་ཟིང་འཁྲུག་ཅིག་ཡིན་པ་དང་། དེང་སྐབས་རྒྱ་ནག་ནང་ཆོས་ལུགས་དད་མོས་མེད་པ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་བརླགས་ཤིང་། གྲྭ་པའང་གྲྭ་པ་མིན་ལ། འཛམ་གླིང་ནང་མིང་དུ་གྲགས་པའི་རྒྱ་ནག་གི་ཧྲོ་ལིན་དགོན་པ་ལྟ་བུའི་དགོན་པ་རྣམས་ཀྱང་ཆབ་སྲིད་ཀྱི་རྨང་མཐུག་པའི་དངུལ་དངོས་ཀྱི་རུལ་སུངས་དང་། ཆགས་སྤྱོད་ལོག་གཡེམ་སྤེལ་ས་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

མཁན་པོ་ཧྲི་ཤེ་ཁྲིན་ནི་ཕྱི་ལོ་ ༡༩༦༦ ལོར་རྒྱ་ནག་ཧྥུ་ཅན་ཞིང་ཆེན་ཤན་ཡུའུ་རྫོང་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༢ ལོར་ཧྥུ་ཅན་གྱི་ཀང་ཧྭ་དགོན་པའི་(广化寺)ནང་དུ་རབ་ཏུ་བྱུང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༩༥ ལོར་ཧྥུ་ཅན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་གཙོ་བྱས་པ་དང་། དེ་ནས་རིམ་གྱིས་ཁོའི་གོ་གནས་འཕར་ཏེ་ཕྱི་ལོ་ ༢༠༡༥ ལོར་སྐབས་དགུ་པའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༦ ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོའི་ཐོག་མི་རིགས་དང་ཆོས་ལུགས་ལས་དོན་ཁང་གི་མགོ་གཙོ་གཞོན་པ་དང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱ་ནག་ནང་བསྟན་སློབ་གླིང་གི་སློབ་གཙོ། རྒྱ་ནག་ཆོས་ལུགས་ཞི་བདེ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན། རྒྱ་ནག་མི་མང་ཞི་བདེ་རྩོད་ལེན་དང་དམག་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་འཁུར་ཏེ། དམར་ཤོག་ཚོགས་ཆེན་སྐབས་ ༡༩ པའི་སྲིད་བྱུས་སྐོར་གྱི་སློབ་སྟོན་པ་གཙོ་བོ་ཞིག་ཏུ་གྱུར་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply

3 thoughts on “རྒྱ་ནག་ནང་བསྟན་ཆོས་ལུཊ་མཐུན་ཚོཊ་ཀྱི་ཚོཊ་གཙོས་བཙན་གཡེམ་བྱས་པའི་གླེང་རྙོག་བྱུང་།

  1. བཀྲིས་ཚེ་རིང་།

    རྒྱ་ནག་ནང་བསྟན་ལ་ལྷག་པའི་གནས་ཚུལ་དེ་ང་ཚོའི་བོད་བརྒྱུད་ནང་བསྟན་ལ་ཡང་འབྱུང་ཉེན་ཡོད་པས་ཆོས་བྱེད་ཕོ་མོ་གཉིས་ཀས་སྡོམ་ཁྲིམས་གཙང་མ་་བསྲུང་དགོས་རྒྱུར་གལ་འགངས་ཆེ་ཞིང་། གལ་སྲིད་སྡོམ་ཁྲིམས་སྲུང་མ་ཐུབ་ན་དགོན་པའི་སྒྲིག་ཁོངས་ནས་ཐོན་ན་ཧ་ཅང་ལེགས། དགོན་པ་མེད་པའི་གྲྭ་བཙུན་རྣམས་ཀྱང་དེ་མཚུངས་སྡོམ་ཁྲིམས་སྲུང་མ་ཐུབ་ན་དེ་འཕྲལ་ཆོས་བྱེད་པའི་གྱོན་གོས་ཕུད་ན་ལེགས། དེ་མིན་ཆོས་དང་འཇིག་རྟེན། ཚན་རིག་
    སྤྱི་ཚོགས་བཅས་ལ་ཕན་པ་ཆེ་བའི་ནང་ཆོས་ཀྱི་བྱེད་ལས་ཁག་བརླག་པའི་ཉེན་ཁ་ཆེ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    མཐོ་རིམ་མི་སྣའི་ཆལ་སྤྱོད་ངན་པའི་འོག་།
    ཞི་བའི་མི་མང་སྒོ་གསུམ་རང་དབང་ཤོར་།
    དུས་ངན་ཤར་ནས་མི་ངན་ལས་དབང་རྒྱུགས་།
    ཡུལ་ལུང་མང་པོར་འཁྲིགས་སྤྱོད་སྒོམ་བཤིས་དར་།

  3. 😃 ཧ ཧ http://www.chinabudhism.com.cn ག་འདྲ་སེ་སྔོག་དགོས་རེད། གུང་ཁྲན་དཔོན་རིགས་ དགོན་པའི་མཁན་པོ། 😲 😂 ཧོ ཧོ བོད་ཀྱི་གསོ་བ་རིག་པས་དབུ་འཛིན་ གུང་ཁྲན་དམག་དཔོན་ཟུར་པ། 🤔 😁 ཧི ཧི ་ ་ ་ ་ ་ ་ ་ ་ ་ 😂🤣😂🤣😂🤣😂 🙃 😇 🤪 ཧ ཡོ་ ད།