རྒྱ་ནག་གིས་ངན་ཇུས་བཤམས་ཏེ་གསོ་རིག་གི་བདག་ཐོབ་ལེན་ཐབས་ལ་དགག་པ་ཡོད།

རྒྱ་ནག་གཞུང་གི་འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཞེས་པས་བོད་རིགས་ཁ་ཤས་མདུན་དུ་གཡུགས་ཏེ་བོད་ཀྱི་གསོ་བ་རིག་པའི་འཕྲལ་ཕུགས་ལ་ཉེན་ཁ་ཡོད་པའི་བྱ་སྤྱོད་སྤེལ་བཞིན་པར་དགག་པ་མཐའ་གཅིག་ཏུ་ཡོད་ཟེར།

 དེ་རིང་ནས་ཉིན་གྲངས་ ༣ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་ཞེས་པ་ཞིག་ཚོགས་བཞིན་ཡོད་པ་ལྟར། དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༤༥ སྟེང་། བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་སྤེལ་སོང་བ་དང་། ལྷན་ཚོགས་ཐོག་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གི་གོ་སྒྲིག་འོག་ཚོགས་ཀྱི་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེའི་རྒྱབ་ལྗོངས་ནི་༧གོང་ས་མཆོག་གི་དབུ་འཁྲིད་པའི་བོད་ཀྱི་སྨན་རྩིས་ཁང་དང་གསོ་རིག་ལ་འཕྲལ་ཕུགས་གང་ནས་བལྟས་ཀྱང་ཉེན་ཁ་ཞིག་ཆགས་ཡོད་སྐོར་བརྗོད་སོང་།

བོད་ཀྱི་སྨན་རྩིས་ཁང་གིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་།བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བཞི་པ་གོ་སྒྲིག་བྱེད་མཁན་བོད་རིགས་ཡིན་ཞིང་། བརྗོད་གཞི་སོགས་ཟབ་མོ་མངོན། དེར་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་སྨན་པ་དང་ཚན་རིག་པ་སོགས་ཕེབས་ཀྱི་ཡོད་སྟབས་སྤྱིའི་ཆ་ནས་བོད་སྨན་ཁྱབ་བསྒྲགས་ཡོང་རྒྱུར་དགེ་ཕན་ཡོད། འོན་ཀྱང་། སྔར་ལོའི་ཚོགས་འདུ་གསུམ་པ་ཨ་རིའི་བྷོས་ཊོན་ཧར་ཝཊ་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་སྐབས་འདི་ག་སྨན་རྩིས་ཁང་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར། བོད་རིགས་བེད་སྤྱོད་བཏང་སྟེ་རྒྱ་གཞུང་གིས་རྒྱལ་སྤྱིའི་ནང་བོད་སྨན་ཐོག་ཕུགས་རྒྱང་རིང་པོའི་བྱེད་ཕྱོགས་ཉེན་ཁ་ཅན་བཅངས་ཡོད་པ་དེ་ང་ཚོས་ཤེས་དགོས་ཀྱི་འདུག བར་ལམ་ནས་བོད་ནང་གསོ་བ་རིག་པའི་སྡེ་ཚན་འདྲ་མིན་ཐོག་རྒྱ་ནག་གཞུང་གིས་མངོན་གསལ་མེད་པའི་ལས་འཆར་བརྩམས་ཡོད་པ་དང་། རྒྱ་ནག་དམག་དཔོན་ཟུར་པ་བགྲེས་ཡོལ་དུ་ཕེབས་པ་ཁག་བོད་པའི་སྨན་ཁང་གི་སྡེ་ཚན་ཁག་གི་ཕྱི་འབྲེལ་འགན་འཛིན་ལྟ་བུར་འཇོག་སྟངས་སོགས་ལས་རྟོགས་ཐུབ། བོད་ཀྱི་གསོ་བ་རིག་པའི་བསྟན་པ་དར་རྒུད་སྤེལ་གསུམ་གྱི་བྱུང་རབས་དེ་དག་ནག་གསུབ་གཏོང་མི་ཐུབ་པའི་གནས་སྟངས་ཤིག་རེད། ཅེས་བརྗོད་དུག

བཀྲ་ཤིས་ཚེ་རིང་ལགས་སུ་གསར་འགོད་པས་གསར་འགོད་གསལ་བསྒྲགས་འདི་བརྒྱུད་འབོད་སྐུལ་གཙོ་བོ་གང་ཡིན་དྲིས་པར་ཁོང་གིས། བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུ་འདིའི་རྒྱབ་ལྗོངས་ལ་ངན་སེམས་བཅངས་ཡོད་སྟབས་ང་ཚོས་དགག་པ་རྒྱག་གི་ཡོད། མ་འོངས་པར་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུ་ས་ཆ་ག་བར་འཚོག་རྒྱུ་ཡིན་རུང་། བོད་གཞིས་བྱེས་གཉིས་མཉམ་འཛོམས་ཀྱི་སྡིངས་ཆ་བསྐྲུན་པའི་ཐོག་བོད་སྨན་སྐོར་གླེང་བར་ང་ཚོའི་སྨན་པ་སྐད་གཏང་བ་ཡིན་ན། ང་ཚོས་ཆབ་སྲིད་མ་བཤད་པར་མཉམ་ཞུགས་བྱ་ངེས་ཡིན། ཞེས་བརྗོད་སོང་བ་དང་། ཡང་གསལ་བསྒྲགས་ནང་འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཞེས་པ་དེས་མདུན་དུ་བོད་རིགས་ཁ་ཤས་བསྟན་ནས་རྒྱབ་ཏུ་རྒྱ་དམར་གཞུང་ནས་ཕུགས་བསམ་ངན་པ་བཅངས་ཏེ་འབད་བརྩོན་བྱེད་སྟངས་འདི་ལྟ་བུ་ལ་དགག་པ་ཡོད་ལ། ད་དུང་འབྱུང་འགྱུར་གོ་སྐབས་ནམ་བྱུང་ལ་ཡིག་ཆ་འདི་ལྟ་བུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་ལ།  བོད་གསོ་ཞེས་པའི་ཐ་སྙད་འདོགས་སྟངས་ལའང་དགག་པ་ཡོད་སྐོར་བརྗོད་འདུག

མཇུག་ཏུ་གསར་འགོད་པས་རྒྱ་ནག་གཞུང་གིས་ཚོགས་འདུ་དེའི་རིགས་སྐོང་ཚོགས་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་དྲིས་པར་ཁོང་གིས། དམིགས་ཡུལ་ནི་དེ་སྔ་ཡིན་ན་རྒྱ་ནག་གིས་བོད་སྨན་ངོས་ལེན་མེད་པར་གཏོར་བཤིག་གཏོང་གི་ཡོད། བར་ལམ་ཞིག་ནས་རྒྱ་ནག་གིས་བོད་སྨན་གཏོར་བཤིག་གཏོང་ཐབས་མ་རག་པ་དེ་འདྲ་གང་ཡང་མ་རེད། འོན་ཀྱང་། ཕྱིས་སུ་བོད་ཀྱི་གསོ་བ་རིག་པ་འདི་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེན་པོ་ཆགས་ཡོང་གི་ཡོད་སྟབས།  དེང་སང་ཁོ་ཚོས་རྒྱ་ནག་བོད་ཀྱི་སྨན་ལབ་ནས་འགྲོ་གྲོན་མང་པོ་བཏང་སྟེ་འཛམ་གླིང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་(UNISCO)ནང་དེབ་སྐྱེལ་བྱེད་ཀྱི་ཡོད་ནའང་། དེབ་སྐྱེལ་མང་པོ་ཞིག་རྒྱ་གར་གཞུང་གིས་བྱས་ཡོད་པ་རེད། སྔ་མོའི་རྩ་ཆེན་རིག་གཞུང་དེབ་སྐྱེལ་བྱས་ན་འགྲིག་གི་ཡོད། འོན་ཀྱང་། མི་མང་པོ་ཞིག་གོ་ནོར་ཐེབས་ཡོད། རྒྱ་ནག་གཞུང་གིས་སྔ་མ་ནས་ལུགས་སྲོལ་ཡོད་པའི་རིག་གཞུང་དེ་མེད་པར་བཟོ་ཐབས་བྱས་ཡོད་ནའང་། དེ་རྒྱལ་སྤྱིའི་སྟེང་སླར་གསོ་བྱེད་པའི་བདག་ཐོབ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ནང་བོད་སྨན་ཞེས་གསུངས་ཡོད་པ་རེད། རྒྱ་ནག་གིས་སོ་སོ་རང་གི་སྨན་དེབ་སྐྱེལ་ག་རེ་བྱས་ནས་མ་བྱས་པ་རེད། རྒྱ་གར་གྱིས་ཀྱང་སོ་སོའི་སྨན་(Ayurveda)དེབ་སྐྱེལ་བྱས་ན་འགྲིག་གི་ཡོད་པ་མ་གཏོགས། ཕྱོགས་གཅིག་ནས་རྒྱ་མིས་རྒྱ་ནག་བོད་ཀྱི་སྨན་ཞེས་དེབ་སྐྱེལ་གཅིག་བྱས། རྒྱ་གར་གྱིས་གསོ་བ་རིག་པ་ཞེས་དེབ་སྐྱེལ་གཅིག་བྱས་ཏེ་ཕན་ཚུན་བར་དགག་པ་རྒྱག་རེས་ཀྱིས་ཕྱོགས་གཉིས་ལ་ལམ་འགྲོ་གང་ཡང་བྱུང་མེད། ཅེས་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༠༣

Leave a Reply