གཉན་པོ་གཡུ་རྩེ་སྒོ་བརྒྱབས་ཏེ་ཟླ་གཅིག་ལྷག་འགྲོ་བཞིན་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་གནས་རི་གཉན་པོ་གཡུ་རྩེ་སྒོ་བརྒྱབས་ཏེ་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་མ་འོངས་ལོ་ ༢ རིང་སྒོ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུགདེ་རིང་འདི་གའི་གསར་འགོད་པར་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་དྲུག་པ་ནས་བཟུང་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གནས་རི་གཉན་པོ་གཡུ་རྩེ་སྒོ་བརྒྱབས་ཏེ། ཡུལ་སྐོར་བ་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་ས་གནས་མི་མང་ནས་བསང་གསོལ་གཏོང་བ་དང་མཚོ་གཏེར་འབུལ་བ་ལའང་བཀག་འགོག་བྱེད་བཞིན་ཡོད་འདུག

དེ་སྔོན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཐོག་ཏུ་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་ ༡༠༠༠ ཙམ་རེ་ཡོང་གི་ཡོད་ཀྱང་། གཉན་པོ་གཡུ་རྩེ་སྒོ་བརྒྱབས་རྗེས་ཡུལ་སྐོར་བ་ཡོང་མཚམས་ཆད་དེ་ཉེ་འཁོར་གྱི་ཚོང་ཁང་དང་མགྲོན་ཁང་དེ་ཚོས་ཚོང་མི་འདུག་ལབ་ནས་སྐད་རྒྱག་གི་ཡོད་པ་དང་། ཕྱི་ནས་མགྲོན་པོ་ཡོང་མཁན་མེད་སྟབས་ཁོར་ཡུག་གཙང་སྤྲ་དང་ཡུལ་སྐོར་བའི་འབྲེལ་ཡོད་ལས་ཁུངས་ཁག་ལ་དམིགས་བསལ་མགྲོན་པོར་སྣེ་ལེན་དང་ལམ་འཁྲིད་སོགས་ཀྱི་ལས་ཀ་མེད་པར་ཆགས་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཆར་མགོ་ལོག་ཁུལ་ནས་གསལ་པོ་བྱུང་བ་ཞིག་ལ་གཉན་པོ་གཡུ་རྩེ་སྒོ་བརྒྱབས་འདུག སྤྱིར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ནས་ཡུལ་སྐོར་ལྟེ་གནས་བཅུ་གྲངས་ཤིག་གི་སྒོ་བརྒྱབས་ཡོད་སྐོར་བཤད་ཀྱི་འདུག་ཀྱང་། ང་ལ་དེའི་སྐོར་གསལ་པོ་བཤད་རྒྱུ་མེད། གོ་ཐོས་ལྟར་ན་གཉན་པོ་གཡུ་རྩེ་ལོ་ ༢ རིང་སྒོ་རྒྱག་རྒྱུ་ཡིན་སྐོར་བཤད་ཀྱི་འདུག་ཀྱང་། རྒྱུ་མཚན་ཅི་ཡིན་གསལ་པོ་མི་འདུག ཅེས་བརྗོད་བྱུང་།

གཉན་པོ་གཡུ་རྩེ་སྒོ་བརྒྱབས་པ་དེར་ས་གནས་བོད་མི་ཚོས་དགའ་བསུ་བྱེད་ཀྱི་ཡོད་སྐོར་ལ་ཁོང་གིས། གཉན་པོ་གཡུ་རྩེ་སྒོ་བརྒྱབས་པར་དགོན་པ་དང་མི་མང་ཕལ་ཆེ་བས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་སྐོར་བཤད་དེ་དགའ་བསུ་བྱེད་ཀྱི་འདུག ལྷག་པར་དུ་ས་གནས་མི་མང་གིས་མཚོའི་ནང་མཚོ་གཏེར་མང་པོ་གཡུགས་རྐྱེན་མཚོའི་ཉེ་འཁོར་ལ་སྣུམ་དྲི་ཞེ་དྲགས་བྲོ་ཡི་འདུག་ཟེར། ཡིན་ནའང་། བཀག་འགོག་བྱས་ཀྱང་མི་མང་གིས་མཚན་མོར་མཚོའི་ནང་གཏེར་འཕེན་པ་སོགས་བྱེད་ཀྱི་ཡོད་འདུག

གནས་རི་གཉན་པོ་གཡུ་རྩེ་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པ་དང་། གནས་རི་དེའི་གནས་བདག་གཉན་ཆེན་ཐོད་པ་རྩལ་ནི་གཉན་པོ་དང་། བཙན་ཤེད་ཆེན་པོ་ཡིན་ལ།  གནས་རིའི་ཡངས་རྩེར་གཡུ་མདོག་ཅན་གྱི་རྫ་རི་ཞིག་ཡོད་པས་གཉན་པོ་གཡུ་རྩེ་ཞེས་བཏགས་པ་དང་། གནས་རི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༣༣༨ དང་། གནས་རི་རྐྱང་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༨༨༠ ཡོད་ལ་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་གཙོ་རི་ཡིན་པ་དང་། གཉན་པོ་གཡུ་རྩེའི་རྩེ་མོར་ལོ་ངོ་མང་པོའི་འཁྱགས་རོམ་ཆགས་ཡོད་ཀྱང་། ཉེ་བའི་ལོ་ཉི་ཤུའི་ནང་དུ་གངས་དང་འཁྱགས་རོམ་མྱུར་ཚད་མཐོན་པོས་ཞུ་ཡི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༠༤

Leave a Reply