ཨིན་རྡུ་ནེ་ཞི་ཡའི་ནང་བསྐྱར་དུ་ས་ཡོམ་གནོད་སྐྱོན་ཐེབས།

ཨིན་རྡུ་ནེ་ཞི་ཡའི་ལོམ་བྷོ་གླིང་ཕྲན་ནང་བསྐྱར་དུ་ས་ཡོམ་ཚད་རིམ་ ༧ ཅན་ཞིག་བྱུང་སྟེ་ཉུང་མཐར་མི་གྲངས་༩༡ རྐྱེན་འདས་དང་མི་༡༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག

ཁ་སང་དགོང་མོར་ཨིན་རྡུ་ནེ་ཞི་ཡའི་བྱང་ཕྱོགས་ལོམ་བྷོ་གླིང་ཕྲན་ནང་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་སྟེ། ད་ལྟའི་ཆར་ཉུང་མཐར་མི་གྲངས་ ༩༡ རྐྱེན་འདས་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཁང་ཁྱིམ་སྟོང་ཕྲག་མང་པོ་རྡིབ་སྐྱོན་བྱུང་ཡོད་འདུག་ལ། མི་ཤི་བའི་གྲངས་འབོར་འཕར་བཞིན་ཡོད་འདུག

ཨིན་རྡུ་ནེ་ཞི་ཡའི་ས་ཡོམ་དང་རྐྱེན་ངན་མྱུར་སྐྱོབ་ལས་ཁུངས་ནས་ད་ལྟའི་ཆར་ས་ཡོམ་དོན་རྐྱེན་ཁྲོད་རྨས་སྐྱོན་བྱུང་བ་ཚོར་སྨན་བཅོས་དང་གནོད་ཐེབས་མི་མང་ལ་གནས་སྐབས་ཀྱི་ཅ་དངོས་མཁོ་སྤྲོད་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ ༡༠༠༠ ས་ཡོམ་བྱུང་སའི་གླིང་ཕྲན་ནས་གནས་སྤོ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ས་ཡོམ་ཁྲོད་ལོམ་བྷོ་དང་བྷེ་ལེ་གླིང་ཕྲན་གཉིས་སུ་ཡོད་པའི་གནམ་ཐང་སོགས་ལ་གས་ཆག་ཅུང་ཙམ་རེ་ལས་གནོད་སྐྱོན་ཆེན་པོ་ཐེབས་མེད་པས་སྔར་བཞིན་གནམ་གྲུ་འཕུར་སྐྱོད་ཐུབ་ཀྱི་ཡོད་འདུག

ལོམ་བྷོ་གླིང་ཕྲན་ནང་བདུན་ཕྲག་གཅིག་ཙམ་གྱི་སྔོན་ཚད་རིམ་ ༦།༤ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་སྐོར་བ་ ༡༤ རྐྱེན་འདས་དང་མི་གྲངས་ ༡༦༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། སྐབས་དེར་ས་ཡོམ་ཤུགས་ཆེན་པོ་མ་བྱུང་གོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་ཆུང་ཆུང་ ༦༠ ལྷག་བྱུང་ཡོད་པ་དང་། ས་ཡོམ་དེའི་ཁྲོད་ཡུལ་མི་སྟོང་ཕྲག་མང་པོའི་འཚོ་གནས་ལ་གནོད་འཚེ་ཕོག་སྟེ་ཁྱིམ་ཚང་མང་པོ་ཁྱིམ་མེད་དུ་གྱུར་ཡོད་སྟབས། གླིང་ཕྲན་དེའི་ཡུལ་མི་མང་པོ་ས་གནས་གཞན་དུ་གནས་སྤོ་དགོས་བྱུང་ཡོད་འདུག

ཐེངས་འདིའི་ས་ཡོམ་སྐབས་ཨོ་སི་ཊོ་ལི་ཡ་དང་སེངྒ་པོར་གྱི་ནང་སྲིད་བློན་ཆེན་སོགས་ཚོགས་འདུ་ཞིག་གི་ཆེད་ས་ཡོམ་བྱུང་སའི་གླིང་ཕྲན་དེར་ཡོད་པ་དང་། སེངྒ་པོར་བློན་ཆེན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱ་ངོ་དེབ་ངོས་སུ་ས་ཡོམ་སྐབས་ངའི་མགྲོན་ཁང་དེ་འགུལ་སྐྱོད་ཧ་ཅང་ཤུགས་ཆེན་པོ་བརྒྱབས་སོང་བས། ཐད་ཀར་ཡར་ལངས་ནས་འདུག་རྒྱུ་ཀྱང་ཁག་པོ་བྱུང་སྐོར་བརྗོད་ཡོད་པ་དང་། གཞན་ས་ཡོམ་མྱུར་སྐྱོབ་ལས་མི་ཞིག་གིས་བྷི་བྷི་སི་གསར་འགོད་པར་ས་ཡོམ་ཐོག་མར་བྱུང་སྐབས་ས་ཅུང་ཙམ་ལས་མ་འགུལ་ན་ཡང་ཅུང་ཙམ་ནས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད་སྐོར་བརྗོད་འདུག

ཨིན་རྡུ་ནེ་ཞི་ཡའི་ལོམ་བྷོ་གླིང་ཕྲན་ནང་ཕྱི་ལོ་ ༢༠༡༦ ལོར་ས་ཡོམ་༦།༥ཅན་ཞིག་བྱུང་ནས་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། སྐབས་དེར་ཡུལ་མི་༤༠།༠༠༠ལྷག་ས་གཞན་དུ་གནས་སྤོ་བྱས་ཡོད་འདུག གླིང་ཕྲན་དེ་ནི་འཛམ་གླིང་གི་ཡུལ་སྐོར་བ་ཆེས་མང་ས་ཞིག་ཡིན་ལ། གླིང་ཕྲན་དེར་ས་ཡོམ་དང་འབྱུང་བའི་གནོད་སྐྱོན་ཡང་ཡང་བྱུང་དོན་ནི་མེ་ཟླུམ་(Ring of Fire)སྟེང་དུ་ཁེལ་ཡོད་པའི་ཡིན་ལུགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༠༦

Leave a Reply