བསྟན་འཛིན་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཇུ་བཟུང་བྱས།

རྒྱ་ནག་གཞུང་གིས་བོད་ནག་ཆུ་ས་ཁུལ་ནས་ཡིན་པའི་བོད་རིགས་ཚོང་པ་བསྟན་འཛིན་ཆོས་འཕེལ་ཞེས་པ་ཞིག་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཞིག་ཏུ། བོད་ནག་ཆུ་ས་ཁུལ་ཤག་རོང་རྟ་ཆེན་ཡུལ་ཚོ་ལྔ་པ་སྲ་ཁུ་གྲོང་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཆོས་འཕེལ་ཞེས་པ་ཞིག་རྒྱ་ནག་ནས་ལྷ་སར་ལོག་སྟེ་གོང་དཀར་གནམ་ཐང་དུ་འབྱོར་སྐབས། རྒྱ་གཞུང་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ས་གནས་གང་དུ་ཡོད་པ་དང་གནས་སྟངས་ག་འདྲ་ཡིན་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རྒྱ་ནག་གཞུང་གིས་དེ་སྔོན་བོད་མི་མང་པོ་བཀག་ཉར་འོག་བཞག་སྟེ་མནར་གཅོད་ཚད་མེད་བཏང་རྗེས་གཞི་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་མང་པོ་བྱུང་ཡོད་སྟབས། ཁོང་གི་འབྲེལ་ཡོད་ཚོས་བསྟན་འཛིན་ཆོས་འཕེལ་ལགས་ལ་མནར་གཅོད་ཚད་མེད་བཏང་སྟེ་མི་མིན་རོ་མིན་ཞིག་བཟོས་རྗེས་གཞི་ནས་བཙོན་འཇུག་བྱེད་པའམ་ཡང་ན། ཤི་ཁར་རང་ཁྱིམ་དུ་བསྐྱལ་ཨེ་ཡོང་བསམ་ནས་སེམས་འཁུར་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་པོ་ཤེས་ཀྱི་མེད་ཀྱང་། ཁོང་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་སྔོག་བཤེར་བྱས་ཏེ་ཁོའི་ནང་ནས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་འགའ་ཞིག་དང་།  ༧་གོང་ས་མཆོག་གི་སྐུ་པར་འགའ་ལག་སོན་བྱུང་ཡོད་སྐོར་བརྗོད་ཀྱི་འདུག

འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན། བསྟན་འཛིན་ཆོས་འཕེལ་ལགས་ནི་མི་རིགས་ཀྱི་ལར་ཞེན་ཅན་ཞིག་དང་ཁོར་ཡུག་སྲུང་སྐྱོབ་ཐད་དོ་སྣང་ཆེན་པོ་མཁན། དེ་བཞིན་ཉམ་ཐག་སྐྱོ་བོའི་རིགས་ལ་རྒྱུན་དུ་རོགས་རམ་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་མི་ནང་ཁུལ་དུ་མཐུན་སྒྲིལ་ཡོང་ཆེད་ལས་ཀ་མང་པོ་བྱས་མྱོང་ཡོད་འདུག ལོ་ཤས་སྔོན་བྱི་ནགས་འཁོར་གསུམ་རྒྱུད་ཀྱི་གཏེར་ཆུ་དང་གཏེར་ཁ་སོགས་ལ་སྲུང་སྐྱོབ་ཆེད་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཐབས་སུ་དཔལ་འབྱོར་གྱིས་འགྲོ་སོང་མང་པོ་བཏང་ཡོ་འདུག

བསྟན་འཛིན་ཆོས་འཕེལ་ལགས་དགུང་ལོ་ ༤༠ ལྷག་ཡིན་པའི་ཕོ་རྐྱང་ཞིག་ཡིན་པ་དང་། ནག་ཆུ་གྲོང་ཁྱེར་དུ་གཏན་སྡོད་བྱེད་བཞིན་ཡོད་ཀྱང་། རྒྱན་དུ་ཚོང་ལས་གཉེར་ཏེ་བོད་ཁུལ་གྱི་ས་ཆ་མང་པོར་འགྲོ་བཞིན་ཡོད་འདུག

ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༨/༠༧

Leave a Reply

One thought on “བསྟན་འཛིན་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཇུ་བཟུང་བྱས།

  1. ཁྲིམས་ཐག་མ་བཅད་གོང་ནས་ནང་ཁུལ་གྱི་གནས་ཚུལ་མང་པོ་ཕྱིར་བསྒྲགས་བྱེད་ན། གནས་ཚུལ་འདི་ཚོ་རྒྱ་གཞུང་གིས་དཔང་རྟགས་སུ་བེད་སྤྱོད་བྱེད་ངེས་རེད། བྱས་ཙང་བོད་ནང་གི་བོད་མི་ཚོའི་གནས་ཚུལ་འགོད་སྐབས་ཡིན་ཅིག་གཟབ་གཟབ་གནང་རོགས།