རྒྱ་ནག་ནས་དགེ་རྒན་མང་པོ་བོད་དུ་བཏང་།

རྒྱ་ནག་ཧྲང་ཧེ་ནས་དགེ་རྒན་ ༥༥ བོད་གཞིས་ཀ་རྩེ་རུ་ཆེད་གཏོང་བྱས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཤེས་ཡོན་མཐོར་འདེགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུགཕྱི་ལོ་༢༠༡༦ ལོར་གཞིས་ཀ་རྩེ་དང་ཧྲང་ཧེའི་ཚོད་ལྟའི་སློབ་གྲྭ་ཞེས་པའི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་དགེ་རྒན་ ༥༥  བོད་གཞིས་ཀ་རྩེར་ཆེད་གཏོང་བྱས་ཡོད་པ་དང་། འདི་ལོར་ཆེད་གཏོང་བྱས་པའི་དགེ་རྒན་ནང་སྡེ་ཁག་གཉིས་ཡོད་པའི་ནང་ནས་དགེ་རྒན་ ༡༥ ཡིས་གཞིས་རྩེ་ཨང་གཉིས་པའི་ལས་རིགས་ལག་རྩལ་སློབ་གྲྭར་སློབ་འཁྲིད་བྱ་རྒྱུ་ཡིན་པ་དང་། ཁོང་ཚོས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཤེས་ཡོན་མཐོར་འདེགས་ཞེས་པའི་ལས་གཞི་རྒྱུན་མཐུད་རྒྱུ་ཡིན་ལུགས་བསྒྲགས་འདུག

ཧྲང་ཧེ་ཉིན་རེའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཞིས་རྩེར་བཏང་བའི་དགེ་རྒན་ཕིན་ཁྲོན་ཧེ་(Peng Chunhui) ནི་ཧྲང་ཧེའི་འབྲིང་རིམ་སློབ་གྲྭའི(Sanghai New Bridge Middle School)དངོས་ཁམས་རིག་པའི་དགེ་རྒན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢ ལོར་ཁོ་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ཛེ་ཕུ་ (Zepu County) རྫོང་ཁོངས་སུ་བཏང་ཡོད་འདུག ཁོང་གིས་ང་ཚོས་ཡུ་གུར་གྱི་དགེ་རྒན་དང་བྱིས་པ་ཚོར་ཕན་ཐོགས་བྱུང་ཡོད། དགེ་རྒན་རྣམ་པས་འཛིན་གྲྭ་དང་ནང་ལས་དཔྱད་ཞིབ་བྱེད་པར་སེམས་ཤུགས་སྦྱིན་ཡོད། ཐེངས་འདིའི་བོད་ཀྱི་དགེ་རྒན་ཚོར་རོགས་སྐྱོར་བྱ་རྒྱུའི་གསར་བསྒྲགས་མཐོང་དུས། བོད་ཀྱི་བྱིས་པ་ཚོ་ལའང་ལས་དོན་ཞིག་བསྒྲུབ་དགོས་པའི་བསམ་བློ་འཁོར་སོང་སྐོར་བརྗོད་འདུག

གྲོང་ཁྱེར་ཧྲང་ཧེའི་དགེ་རྒན་ཚོ་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞི་ཞིག་གི་མིང་ཐོག་ནས་མཐོ་སྒང་བོད་ཀྱི་མཐའ་འཁོབ་ཅིག་ནས་དགེ་རྒན་གྱི་ལས་ཀ་གཉེར་དགོས་པ་མ་ཟད། ལོ་གཅིག་རིང་ནང་མི་གཉེན་འབྲེལ་དང་ཁ་བྲལ་དགོས་ཀྱི་ཡོད་པ་རེད། བོད་ཡུལ་དུ་ཆེད་གཏོང་བྱས་པའི་ཤུ་ཤེན་ (Xuxin) ཞེས་པའི་ཧྲང་ཧེའི་མཐོ་འབྲིང་ཨང་གཉིས་པའི་རྫས་འགྱུར་དགེ་རྒན་ཞིག་གིས། ཁོང་ལ་ལོ་ན་དྲུག་ཏུ་སོན་པའི་བུ་མོ་ཆུང་ཆུང་ཞིག་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་མོ་སློབ་གྲྭར་འགྲོ་འཆར་ཡོད་པས་ངས་ཧ་ཅང་དྲན་ས་རེད། ཡིན་ན་ཡང་། ང་ལ་བོད་ཀྱི་བྱིས་པ་ཚོར་ཤེས་ཡོན་རོགས་སྐྱོར་ཀྱི་གོ་སྐབས་གནང་བ་འདི་རིན་ཐང་ལྡན་པའི་ལས་གཞི་ཞིག་རེད། ཅེས་བརྗོད་འདུག་ལ། ཡང་ཧྲུ་ཡེན་ཅི་ (Shu Yinji) ཞེས་པའི་དགེ་རྒན་ཞིག་གིས། ངའི་ཨ་ཕར་སྔ་ལོར་གློ་བའི་སྐྲན་ནད་བྱུང་སྟེ་མུ་མཐུད་སྨན་ཁང་དུ་བསྡད་ཡོད་ཀྱང་། ངའི་ནང་མི་ཚོས་བོད་དུ་བསྐྱོད་རྒྱུ་ནི་ཉམས་མྱོང་གསོག་པའི་གོ་སྐབས་ཡག་པོ་ཞིག་ཡིན་སྐོར་བརྗོད་དེ་ང་ལ་སྤོབས་པ་སྦྱིན་བྱུང་། ང་ཁྱིམ་ན་མེད་ཀྱང་ཁོ་ཚོས་དཀའ་སྡུག་ལ་བཟོད་སྒོམ་བྱེད་ཐུབ་ངེས་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༧ ལོའི་སི་ཁྲོན་ཞིང་ཆེན་གྱི་སློབ་གསོའི་ལས་དོན་ཚོགས་འདུ་ཞེས་པའི་ཐོག་བོད་རིགས་ས་ཁུལ་གྱི་མི་སྟོང་གི་སློབ་སྐྱོར་འཆར་གཞི་ཟེར་བ་ཞིག་གཏན་འབེབས་བྱས་པའི་ནང། རྒྱ་ནག་ནས་སི་ཁྲོན་བོད་རིགས་ས་ཁུལ་གྱི་རྫོང་ཁག་ ༣༢ ནང་ཕུལ་བྱུང་དགེ་རྒན་ ༧༠༠ འདེམས་གཏོང་བྱས་པ་དང་སྦྲགས། བོད་ཁུལ་ནས་དགེ་རྒན་ ༣༠༠ རྒྱ་ནག་ནང་སློབ་སྦྱོང་ཆེད་བཏང་ཡོད་པ་དང་། དེ་བཞིན།  ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་པེ་ཅིན་སོགས་གྲོང་ཁྱེར་དང་ཞིང་ཆེན་ཁག་ ༡༧ ནས་དགེ་རྒན་ ༧༠༠ བོད་རང་སྐྱོང་ལྗོངས་ནང་ཆེད་གཏོང་གིས། བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་གཞིས་ཀ་རྩེ་དང་ཉིང་ཁྲི། ལྷོ་ཁ། ཆབ་མདོ་ས་ཁུལ་གྱི་སློབ་གྲྭ་ཁག་ ༢༠ ནང་ལས་ཞུགས་བྱས་ཡོད་པ་དང་སྦྲགས། ལས་གཞི་དེའི་འོག་ལོ་ལྟར་བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ནས་ཁྱོན་དགེ་རྒན་ ༤༠༠ རེ་རྒྱ་ནག་ནང་ལོགས་ཀྱི་འཕེལ་རྒྱས་ཆེ་བའི་ས་ཁུལ་ཁག་ཏུ་འགྲོ་དགོས་པ་བཟོས་ཡོད་པ་རེད།

དེའི་སྐོར་ལ་ཕྱི་ལོ་༢༠༡༧  ལོར་བོད་གནས་བསྐྱར་ཞིབ་ཁང་གིས། རྒྱ་གཞུང་ནས་བོད་དང་ཡུ་གུར་ས་ཆར་དགེ་རྒན་ཁྲི་ ༡༠།༠༠༠ ལྷག་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ཤེས་ཡོན་ཡར་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད། ཡིན་ན་ཡང་། དེའི་དམིགས་ཡུལ་ནི་རྒྱ་ནག་གི་སྐད་དང་རིག་གཞུང་མཐོར་འདེགས་གཏོང་ཐབས་ཀྱི་བསླུ་བྲིད་ཅིག་ཡིན་ལ། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༢༠༢༠ བར་དུ་རྒྱ་ནག་གི་ས་ཁུལ་ཁག་ནས་དགེ་རྒན་ཁྲི་༣ ལྷག་བོད་དང་ཡུ་གུར་གྱི་སློབ་གྲྭ་ཁག་ཏུ་གཏང་སྟེ། བོད་ཁུལ་གྱི་ཚན་རིག་དགེ་རྒན་བརྒྱ་ཆའི་༩༠ ཐམ་པའི་ལས་གནས་བརྗེས་ནས་རྒྱ་ནག་ནང་དུ་སྦྱོང་བརྡར་སྤྲོད་རྒྱུ་དེ་ཡིན་སྐོར་བརྗོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༠༧

Leave a Reply

2 thoughts on “རྒྱ་ནག་ནས་དགེ་རྒན་མང་པོ་བོད་དུ་བཏང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབས་ཆེད་དགེ་རྒན
    གང་མང་བོད་ཀྱི་ས་ཁུག་ལུང་ཁུག་ནང་གཏོང་དགོས་།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    དགའ་བསུ་ཞུ་གི་ཡོད་བཀྲིས་བདེ་ལེགས་ཐུགས་རྗེ་ཆེ་བོད་ཀྱི་
    ས་ཁུག་ལུང་ཁུག་བྱང་འབྲོག་ས་ཁུལ་ལ་ཤེས་ཡོན་སློབ་གསོ
    ཤིན་ཏུ་གལ་ཆེར་སོང་སླར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད་།