ས་བྱི་ཞི་རྒོལ་ཆེན་མོར་མྱ་ངན་རྗེན་དྲན་ཞུས།

དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ ༤ ཡིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ ༡༠ འཁོར་བར་རྐང་འཁོར་སྐྱོར་སྐྱོད་བྱས་ཏེ་མྱ་ངན་དུས་དྲན་སྲུང་གཙི་ཞུས།དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་། དྷ་ས་མེག་གྷན་སྲང་ལམ་བཞི་མདོ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ ༤ ཡི་གོ་སྒྲིག་འོག ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ ༡༠ འཁོར་བའི་མྱ་ངན་དུས་དྲན་སྲུང་གཙི་ཆེད། དྷ་ས་མེག་གྷན་ནས་ནོར་གླིང་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལའང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

ཐེངས་འདིའི་མྱ་ངན་ལས་འགུལ་ལ་ཚོགས་པ་ ༤ ཐུན་མོང་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། འདི་ལོ་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། ལོ་དེའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་མགོ་འཛུགས་ཀྱིས་རིམ་བཞིན་བོད་ཀྱི་མདོ་དབུ་ཁམས་གསུམ་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་བ་དང་། ཞི་རྒོལ་གྱེན་ལངས་དེ་ནི་ཕྱི་ ༡༩༥༩ ལོར་གྱེན་ལངས་བྱུང་ཚུན་ནས་ཞི་རྒོལ་རྒྱ་ཆེ་ཤོས་དང་། དུས་ཡུན་རིང་ཤོས། མཉམ་ཞུགས་ཀྱི་མི་གྲངས་མང་ཤོས་ཀྱི་ལས་འགུལ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཏུའང་དོན་སྣང་ཧ་ཅང་ཆེན་པོ་བྱུང་བ་དང་། ཐ་ན་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་མང་པོ་ཞིག་གིས་བོད་མིའི་འཐབ་རྩོད་ལ་དྲང་བདེན་གྱི་རྒྱབ་སྐྱོར་བྱེད་པའི་རྩོམ་ཡིག་དང་བསྒྲགས་གཏམ་ཡང་ཧ་ཅང་མང་པོ་ཞིག་སྤེལ་ཡོད། དེར་བརྟེན། ས་བྱིའི་ཞི་རྒོལ་ཆེན་མོའི་ལས་འགུལ་དེ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་དོན་སྙིང་ཧ་ཅང་ཆེ་བ་དང་། ང་ཚོས་མི་རབས་ནས་མི་རབས་བར་དྲན་གསོ་བྱེད་འོས་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་ཀྱང་ཆགས་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་མུ་མཐུད། ཐོག་མར་ལོ་དེའི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༤༠༠ ལྷག་ཙམ་གྱིས་བོད་ནང་ཆོས་དད་རང་དབང་དགོས། རྒྱ་མི་བོད་ནང་གནས་སྤོ་བྱེད་མཚམས་འཇོག་དགོས་ཞེས་ཞི་རྒོལ་གོམས་བགྲོད་གནང་བ་དང། དེ་རྗེས་རིམ་བཞིན་སེ་ར་དགོན་པ་དང་། ཨ་མདོ་རྡི་ཚ་དགོན། ཨ་མདོ་མང་ར་ཀླུ་ཚང་དགོན་པ་བཅས་དང་། ཟི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་དཀར་མཛེས་སོགས་ཀྱི་ཁུལ་དུ་རིམ་བཞིན་ལས་འགུལ་སྤེལ་ནས་བོད་ས་ཡོངས་སུ་ཁྱབ་འཕེལ་འགྲོ་བཞིན་ཡོད་པར་བརྟེན། མཐར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་ལ་ཕྱོགས་ཡོངས་ནས་དྲག་གནོན་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད། ཕྱི་ནང་བཀག་བསྡོམས་ཀྱི་དམ་དྲག་ཆེ་བའི་གནས་སྟངས་འོག སྐབས་དེར་བོད་མི་ཇི་ཙམ་འདས་གྲོངས་སོང་བ་བརྗོད་དཀའ་ཡང་། ཞིབ་འཇུག་གི་སྙན་ཐོ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་མཐའ་ཡང་སྐབས་དེར་བོད་མི་ ༢༢༥ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་༦༨༠༠ ལྷག་ཙམ་འཇུ་བཟུང་བྱས་ཡོད་ཅིང་། བོད་མི་ ༥༡༠ ལ་ཚད་གཞི་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཅེས་འཁོད་འདུག

ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་ཞི་རྒོལ་དེ་མུ་མཐུད་སྲུང་གཙི་ཞུ་དགོས་པའི་སྐོར་ལ་བསྒྲགས་གཏན་ནང་། ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ཧྲིལ་པོ་ ༡༠ འདས་ཟིན་པ་དང་། ང་ཚོས་དེ་རིང་གི་དུས་དྲན་འདི་བརྒྱུད་ནས་མི་ལོ་བཅུ་ཡི་ཡར་སྔོན་དུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ཀྱི་ནང་འདས་གྲོངས་དུ་སོང་བ་དང། ཡུན་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ། གར་སོང་ཆ་མེད་དུ་གྱུར་བའི་རང་རིགས་སྤུན་ཟླ་རྣམས་དང་། ཁོ་ཚོའི་ནང་མི་བུ་ཕྲུག་དང་བཅས་པར་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག རྒྱལ་གཅེས་པ་ཁོང་རྣམས་ཀྱི་ལར་ཞེན་དང་སྙིང་སྟོབས་དེ་དག་ཡིད་ལ་དྲན་པའི་ཐོག་ནས་ང་ཚོའི་འཐབ་རྩོད་དེ་མི་མཐུད་ནས་མཐའ་འཁྱོངས་བྱེད་དགོས་པ་མ་ཟད་།གོང་ནས་གོང་དུ་འཕེལ་ཐུབ་པའི་དམ་བཅའ་གསར་བ་དང་། ཆོད་སེམས་གསར་བ་ཞིག་ཀྱང་འཇོག་ཐུབ་པ་བྱེད་དགོས། ཅེས་འཁོད་འདུག

འདི་གའི་གསར་འགོད་པས་ལས་འགུལ་གོ་སྒྲིག་པའི་གྲས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་སུ། ཐེངས་འདིའི་ལས་འགུལ་ནང་མི་ག་ཚོད་ཅིག་མཉམ་ཞུགས་བྱས་ཡོད་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་ཚོགས་པ་ ༤ གོ་སྒྲིག་བྱས་པའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འདི། རྒྱ་གར་རྒྱལ་ས་ལྡི་ལི་དང་དྷ་ས་ཁག་གཉིས་ལ་དམིགས་སུ་བཀར་ནས་སྤེལ་བཞིན་ཡོད་པ་དང་། རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ནང་གཞོན་སྐྱེས་ ༣༧ ཞུགས་ཡོད་པ་དང་། ཁོ་ཚོའི་ཁྲོད་བོད་རིགས་གཅིག་པོ་མ་ཡིན་པར་རྒྱ་གར་བ་གཞོན་སྐྱེས་འགའ་ཡང་མཉམ་ཞུགས་བྱས་ཡོད་ལ། ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། བསོད་ནམས་རྒྱ་མཚོ་དང་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༨/༠༨

Leave a Reply

2 thoughts on “ས་བྱི་ཞི་རྒོལ་ཆེན་མོར་མྱ་ངན་རྗེན་དྲན་ཞུས།

  1. བོད་སར་ཤོར་ནས་བཟུང་ད་བར་སྐུ་ལས་རྒྱག་མཁན་ག་ཚད་བྱུང་ཡོག་རེད།བོད་ཆོ་ཁ་གསུམ་ལ་དཔའ་བོ་དཔའ་མོ་ཡོག་རེད།བོད་ཁྱོན་ཡོངས་ལ་སྨོན་པའི་མིང་ཞིག་དང་དྲན་གསོ་བྱེད་རོགས་ཞུ།

  2. ས་བྱི་ཞི་རྒོལ་ཆེན་མོ་དང་དགུ་བཅུ་གསུམ་ཞེས་པ་ལུང་ཚན་ག་གེ་མོ་ཞིག་ལ་མ་གཏོགས་བོད་རྒྱལ་ཡོངས་སུ་ཆབ་སྲིད་ལས་འགུལ་སྤེལ་མཁན་ཚང་མ་ལ་གོ་ཡ་མི་འདུག
    ཁ་ཤས་དཀའ་ལས་རྒྱག་པ་དེ་ཆེད་མཐོང་དང་བསྟོད་བསྔགས་འགའ་ཤས་ལ་གླེང་མོལ་ཙམ་ཡང་མ་བྱེད་ན་སེམས་ཕམ་རང་བཞིན་རེད།