ངའི་དེབ་ཀྱི་དམིགས་བསལ་ཁྱད་ཆོས་དེ་དྲང་གཏམ་བརྗོད་པར་བརྩོན་ཡོད།

རྩོམ་པ་པོ་རྡོ་རྗེ་ཚེ་རིང་ངམ་སྐྲན་ལགས་ཀྱིས་སྒེར་དེབ་གསུམ་དབུ་འབྱེད་བྱས་ཏེ་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གཞིར་བཞག་གིས་དྲང་བདེན་དང་གནས་ལུགས་ཤིག་བརྗོད་ཐུབ་པར་འབད་བརྩོན་བྱས་ཡོད་ཅེས་ཟེར།

ཁ་སང་ཕྱི་དྲོར་བཞུགས་སྒར་དྷ་རམ་ས་ལར་གནས་སྡོད་རྩོམ་པ་པོ་རྡོ་རྗེ་ཚེ་རིང་ངམ་སྐྲན་ལགས་ཀྱིས་བརྩམས་པའི་<<ཕྱིང་དཀར>>ཞེས་པའི་ལྷུག་རྩོམ་དེབ་ཅིག་དང་། གཞས་ཚིག་དེབ་<<འཇམ་གཉེན>>། དེ་བཞིན་སྙན་ངག་དེབ་<<ས་སྲུང>>་ཞེས་པ་བཅས་སྒེར་དེབ་གསར་པ་ ༣ དྲ་ལམ་ནས་དབུ་འབྱེད་བྱས་སོང་བ་དང་། དེབ་གསར་དབུ་འབྱེད་ཀྱི་དྲ་ཚོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྩོམ་པ་པོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་། པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ལགས། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་སོགས་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ ༢༤༠ ལྷག་ཅིག་འཛོམས་འདུག

དབུ་འབྱེད་མཛད་སྒོའི་ཐོག་སྨན་ཤེར་བློ་གྲོས་ལགས་ཀྱིས་རྩོམ་པ་པོ་དང་པེན་མཐུན་ཚོགས་ཀྱི་འབྲེལ་བའི་སྐོར་ནས་གཏམ་བཤད་གནང་སྐབས། རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་ཀྱི་དེབ་གསར་ཁག་ལ་མཚོན་ན། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་དཔར་སྐྲུན་གནང་བ་ཞིག་ཆགས་ཡོད་པ་རེད། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་མཚོན་ན། གཙོ་བོ་བོད་ནང་གི་རྩོམ་པ་པོ་རྣམས་དང་། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཚོའི་བརྩམས་ཆོས་བཅས། ས་ཁོངས་མི་འདྲ་བ་གསུམ་ཞིག་གི་རྩོམ་པ་པོ་ནམ་རྒྱུན་བོད་སྐད་ཡིག་སྒང་ནས་བརྩམས་ཆོས་འབོར་ཆེན་དང་། གསར་རྩོམ་ཐད་ནས་རྒྱུན་མ་ཆད་མཁན་ཚོའི་བརྩམས་ཆོས་དཔར་སྐྲུན་བྱེད་པ་དེ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་ཀྱི་དཔེ་དེབ་ཁག་དཔར་སྐྲུན་བྱ་དགོས་དོན་དང་འབྲེལ་ནས་ཁོང་གིས། ཕྱི་ལོ་ ༢༠༡༨ ལོར་པེན་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་པེན་གྱི་རྒྱུན་ལས་ཟུར་པ་ཁ་སྒང་བསམ་གཏན་ལགས་ཀྱི་དེབ་གསར་ཅིག་དབུ་འབྱེད་བྱས་ཡོད་པ་དང་། ཐེངས་འདིར་པེན་རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་ཀྱི་དེབ་གསར་གསུམ་བཅས་དཔར་སྐྲུན་དབུ་འབྱེད་བྱས་ཡོད་པ་རེད། རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་ལ་མཚོན་ན། བོད་ཕྱི་ནང་གཉིས་སུ་རྩོམ་བྲིས་མྱོང་མཁན་ཞིག་དང་། ལྷག་པར་དུ་ཕྱི་ཡུལ་གྱི་སྤྱི་ཚོགས་ཉམས་མྱོང་དང་རིག་གནས། འཆར་སྣང་སྣ་ཚོགས་པ་ཞིག་གི་ངོས་ནས་བརྩམས་ཆོས་དེ་དག་གྲུབ་ཡོད་པ་དང་། རྩོམ་པ་པོ་ཁོང་གིས་དེ་ལྟ་བུའི་ཆ་རྐྱེན་དང་བརྒྱུད་རིམ་མང་པོ་ཞིག་བརྒྱུད་ནས་མི་ལོ ༡༡ ལྷག་ལ་རྒྱུན་མ་ཆད་པར་རྩོམ་བྲིས་མྱོང་མཁན་ཞིག་ཆགས་ཡོད་དུས། པེན་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་ཁོང་གི་བརྩམས་ཆོས་ཁག་ལས་རྩོམ་པ་པོའི་སྣང་ངོར་ཡག་པོ་ཡོད་པ་ཁག་གཅེས་བཏུས་ཀྱིས་དེབ་གསུམ་དཔར་སྐྲུན་བྱས་ཡོད་པ་རེད། ཅེས་བརྗོད་སོང་།

མཇུག་ཏུ་འདི་གའི་གསར་འགོད་པས་རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་སུ་དཔེ་དེབ་གསར་པ་དེ་དག་ལ་དམིགས་བསལ་ཁྱད་ཆོས་ཅི་ཞིག་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་ཀློག་མཁན་ཧ་ཅང་ཉུང་བ་མ་ཟད། ལྷག་པར་དུ་སྙན་ངག་གི་དེབ་ཀློག་མཁན་ཉུང་ཉུང་ཡིན་སྐོར་བཤད་པར་ཁོང་གིས། ང་རང་གི་དེབ་དེ་དག་ནང་གཙོ་བོ་སེམས་ཚོར་དང་བསྟོད་དབྱངས་ཙམ་བརྗོད་པ་མ་ཡིན་པར་སྤྱི་ཚོགས་ཀྱི་གནས་བབ་སྐྱོ་བོ་དང་ནོར་འཁྲུལ་སོགས་ཀྱི་ཐད་ནས་དངོས་ཡོད་ཀྱི་ལམ་ནས་དྲང་བདེན་དང་གནས་ལུགས་ཤིག་བཤད་ཨེ་ཐུབ་ལ་འབད་པ་ལས། མི་སྒེར་དང་ཚོགས་པ་སྒེར་གྱི་སྐོར་ལ་ཕན་ཚུན་སྦྲེལ་ལད་འཁྲབ་བྱེད་ཅིག་མིན་པ་དེབ་ཚང་མའི་སྤྱི་ཁོག་ལྟ་བུ་ཞིག་ཡིན་ལ། ཕྱིང་དཀར་ཞེས་པའི་དེབ་ཀྱི་སྟེང་། ཕྱིང་དཀར་ནི་སྤྱི་ལ་བཏིང་བ་ལས་སྒེར་གྱི་ངོ་སོ་སྲུང་ཆེད་མིན། འདི་ནི་དྲང་བདེན་གྱི་རྒྱ་ཁར་བཞག་པའི་ཕྱིང་དཀར་གྱི་ལྗིད་ཚད་ཀྱང་ཡིན་ཞེས་བྲིས་ཡོད། ཅེས་དང་། ཡང་བཙན་བྱོལ་སྤྱི་ཚོགས་ནང་སྤྱིའི་ཆ་ནས་དཔེ་དེབ་དཔར་སྐྲུན་བྱེད་མཁན་ཧ་ཅང་ཉུང་བ་དང་ལྷག་པར་དུ་སྙན་ངག་གི་དེབ་དཔར་སྐྲུན་བྱེད་མཁན་ཉུང་ན་ཡང་། ང་རང་གིས་ཀློག་པ་པོ་ཡོད་མེད་ལ་མ་ལྟོས་པར་དེབ་གསུམ་མཉམ་དུ་དཔར་སྐྲུན་བྱས་ཡོད་པ་དེ་ཕྱོགས་གཅིག་ནས་དེ་དག་ལ་བསམ་ནས་སེམས་ཤུགས་མ་ཆགས་པ་དང་། གཉིས་ནས་ང་ཚོའི་སྤྱི་ཚོགས་ཁྲོད་སྒྱུ་རྩལ་ལས་རིགས་ལ་མཐོང་སྤྲོད་མཁན་མེད་ན་ཡང་། མུ་མཐུད་སྒྱུ་རྩལ་ལས་རིགས་དེ་བློས་མ་བཏང་བ་ཡིན་ན་ནམ་ཞིག་མི་ཚོས་སྒྱུ་རྩལ་རྩོམ་རིག་ནང་དུ་ཡང་དགོས་ཕན་ཅན་ཞིག་འདུག་བསམ་པའི་བག་ཆགས་ཤིག་འཇོག་ཐུབ་ཀྱི་རེད་བསམ་ཡོད། ཅེས་བརྗོད་བྱུང་།

རྩོམ་པ་པོ་རྡོ་རྗེ་ཚེ་རིང་ལགས་ཀྱི་དེབ་གསར་ལྷུག་རྩོམ་ཕྱིང་དཀར་ནང་དུ་གངས་རི་དང་གདུང་འབོད་རེ་བཞག མཛའ་བ་བཅས་སྡེ་ཚན་གསུམ་གྱི་ནང་དུ་རྩོམ་ ༩༩ དང། སྙན་ངག་དེབ་ས་སྲུང་ནང་དུ་དར་དཀར་མདུད་པ་དང་མཚོ་མོར་གཡེང་ཚུལ། སེམས་དཔའ། རྨི་ལམ་དང་ལོ་མ། མི་ཐེག་པའི་ལེའུ་བཅས་སྡེ་ཚན་ལྔའི་ནང་རྩོམ་ ༡༤༦ འདུག གཞས་ཚིག་དེབ་འཇམ་གཉེན་ནང་དུ་རྨི་ལམ་དཀྲོལ་བ་དང་ཕ་ཡུལ་གྱེར་བ། སྨྲེང་བ་འགུགས་པ་བཅས་སྡེ་ཚན་གསུམ་གྱི་ནང་རྩོམ་༨༡ བཅས་འདུག

རྩོམ་པ་པོ་རྡོ་རྗེ་ཚེ་རིང་དང་། མིང་གཞན། ཐོར་རྒོད་པ་སྤྱན་ཆབ། སྐྲན། ཚངས་སྲས་བཞད་པའི་རྡོ་རྗེ་ལགས་ནི་ལོ་རབས་བརྒྱད་ཅུ་པར་བོད་དུ་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་ཡོད་པ་མ་ཟད། རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བོད་ཀྱི་རིག་གནས་ཆེ་ཆུང་ལ་སློབ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོ་ནས་རྩོམ་འབྲིའི་ལས་ལ་ཞུགས་ཏེ་གཞུང་སྒེར་གྱི་ཚགས་པར་དང་དུས་དེབ་ཁག་ཏུ་རྩོམ་ཡིག་སྤེལ་མང་པོ་སྤེལ་ཡོད་འདུག   ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་སྐབས་གཉིས་རིང་པེན་རྩོམ་པོ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་དང་གསར་འགོད་པ། སྤྱི་ཚོགས་མེ་ལོང་ཚགས་ཤོག་གི་རྩོམ་སྒྲིག་པ་དང་དྲ་རྒྱ་དོ་དམ་པ་སོགས་ཀྱི་ལས་ཀ་བྱས་ཡོད་འདུག གཞན་ཡང་། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་དེབ་ཐེར་ནོར་བུའི་ཕྲེང་བ་ལས་པོད་བརྒྱད་དང་། ལྕགས་སྒྲོག་འོག་གི་གསེར་སྙུག དཀར་མཛེས་རྫོང་དུ་ཞི་རྒོལ། དབུ་མའི་ལམ་གྱི་རྩོམ་ཡིག་ཕྱོགས་བསྒྲིགས། དབུ་མའི་ལམ་གྱི་བཀའ་སློབ་དང་གསུང་བཤད་སོགས་དེབ་དང་དུས་དེབ། ཚགས་པར་སོགས་མི་ཉུང་བ་ཞིག་རྩོམ་སྒྲིག་བྱས་མྱོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༠༩

Leave a Reply

4 thoughts on “ངའི་དེབ་ཀྱི་དམིགས་བསལ་ཁྱད་ཆོས་དེ་དྲང་གཏམ་བརྗོད་པར་བརྩོན་ཡོད།

  1. དྲང་གཏམ་བཤད་ཀྱི་ཡོད་ལབ་མཁན་རྐྱང་རྐྱང་རེད་བཞག
    བདེན་པ་ཡོད་མཁན་དངོས་གནས་དེ་སུ་ཡིན་ནམ།