རྒྱ་ནག་གིས་ཨ་རིའི་སྲུང་ཤུབས་ཀྱི་དཔྱ་ཁྲལ་སྤར་རྒྱུ་ཡིན་ཟེར།

ཨ་རིས་རྒྱལ་ཁྲལ་སྤར་བར་ཁ་གཏད་གཅོད་ཆེད་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་ཟོག་ཁག་ཅིག་ལ་དཔྱ་ཁྲལ་སྤར་སྤར་ཡོད་པའི་ཁྲོད་སྲུང་ཤུབས་ཀྱང་ཚུད་ཡོད་པས་མ་འོངས་པར་རྒྱ་ནག་ལ་གྱོང་རག་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོར་ཨ་རྒྱ་གཉིས་ནས་ཚོང་ཟོག་ཐོག་དཔྱ་ཁྲལ་སྤར་རེས་བྱས་ཏེ་ཚོང་འབྲེལ་འཐབ་འཁྲུག་བསྟུད་མར་བྱུང་བཞིན་ཡོད་པ་དེས་ཕྱོགས་གཉིས་ཀར་ཨ་སྒོར་ཐེར་འབུམ་མང་པོས་གྱོང་གུད་ཐེབས་བཞིན་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་ཟོག་ཁག་ཅིག་ལ་དཔྱ་ཁྲལ་ཨ་སྒོར་ཐེར་འབུམ་ ༦༠ སྤར་རྒྱུ་ཡིན་པའི་ཡོངས་བསྒྲགས་བྱས་ཡོད་པ་དང་། དཔྱ་ཁྲལ་སྤར་བའི་ཁོངས་སུ་ཨ་རིའི་སྲུང་ཤུབས་ཀྱང་ཚུད་ཡོད་སྟབས། བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་དེ་ཉལ་ཁྲིའི་སྟེང་འཁྲིད་འགྲོ་ཡི་ཡོ་སྐོར་བརྗོད་ཀྱི་འད

རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཁང་གི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༡༧ ལོར་ཨ་རིས་རྒྱ་ནག་ནང་སྲུང་ཤུབས་ཁྱོན་ཁྲི་ ༡ ཙམ་ལས་བཏང་མེད་པ་དང་། རྒྱ་ནག་གིས་ཨ་རིའི་སྲུང་ཤུབས་ཁྱོན་ཐེར་འབུམ་ ༡།༤༦ ཙམ་ཚོང་འདྲེན་བྱས་ཡོད་པ་དང་། ཨ་རིའི་སྲུང་ཤུབས་རྐང་གཅིག་ལ་རྒྱ་སྒོར་ ༦ རེ་ཡིན་འདུག ད་ལྟའི་ཆར་ཊོམ་ཕུ་གཞུང་ནས་རྒྱ་ནག་གི་སྲུང་ཤུབས་ལ་དཔྱ་ཁྲལ་སྤར་མེད་ཀྱང་།  ཨ་རྒྱ་གཉིས་ཀྱིས་སྲུང་ཤུབས་ཐོག་ཚོང་འབྲེལ་འཐབ་འཁྲུག་བྱས་ཚེ། རྒྱ་ནག་ནང་ལོགས་ཀྱི་སྲུང་ཤུབས་བཟོ་གྲྭ་ཚོར་ཁེ་བཟང་ཆེན་པོ་རག་རྒྱུ་ཡིན་འདུག

རྒྱ་ནག་གི་འཛད་སྤྱོད་པ་ཚོས་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་སྲུང་ཤུབས་དག་ལས་ཨ་རིའི་སྲུང་ཤུབས་ལ་དགའ་པོ་བྱེད་ཀྱི་ཡོད་པ་དང་། པེ་ཅིན་དུ་ཡོད་པའི་ཨ་རིའི་དོན་ཁང་གི་མཉམ་ཞིབ་པ་རྒན་པ་སྐུ་ཞབས་ཐི་བྷོ་ཌི་ཨན་ཊིར་(Thibaud André)ལགས་ཀྱིས་རྒྱ་གཞུང་གིས་ཨ་རིའི་སྲུང་ཤུབས་ཚོང་འདྲེན་བྱེད་པར་དཔྱ་ཁྲལ་སྤར་བ་དེས་ཁྱད་པར་གང་ཡང་བཟོ་ཡི་མེད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་སྲུང་ཤུབས་སོགས་ཀྱི་དཔྱ་ཁྲལ་སྤར་ཏེ་ཨ་རིའི་ཨ་སྒོར་ཐེར་འབུམ་ ༢༥༠ ཚོང་འབྲེལ་འཐབ་འཁྲུག་ལ་ཁ་གཏད་གཅོག་ཐབས་ཤིག་ཡིན་ཡང་། ཕྱི་ལོ་ ༢༠༡༧ ལོ་ཁོ་ནར་རྒྱ་ནག་གིས་ཨ་རིའི་ནང་ཨ་སྒོར་ཐེར་འབུམ་ ༥༠༥།༥ ཡི་ཚོང་ཟོག་ཕྱིར་ཚོང་བྱས་ཡོད་པ་དང་། ཨ་རིས་རྒྱ་ནག་ནང་ཨ་སྒོར་ཐེར་འབུམ་ ༡༢༩།༩ ཙམ་གྱི་དངོས་ཟོག་མ་གཏོགས་ནང་འདྲེན་བྱས་མེད་སྟབས། ཕྱོགས་ཡོངས་ནས་རྒྱ་ནག་ལ་གྱོང་རག་རྒྱུ་ཡིན་སྐོར་བརྗོད་འདུག

སྤྱིར་བཏང་རྒྱ་ནག་ནང་སྲུང་ཤུབས་བཟོ་གྲྭ་མང་པོ་ཡོད་པ་དང་། ཁོང་ཚོས་བཟོས་པའི་སྲུང་ཤུབས་རེ་རེར་རྒྱ་སྒོར་ ༡ ནས་ ༣ བར་ཡིན་ཡང་། མི་མང་གིས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྲུང་ཤུབས་རྣམས་ལ་དགའ་མོས་བྱེད་ཀྱི་ཡོད་པ་དང་། འདས་ལོར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཛིམ་བྷ་ཝེའི་འཕྲོད་བསྟེན་བློན་ཆེན་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་སྲུང་ཤུབས་དེ་ཚོ་རྒྱལ་ཁབ་དེའི་ནང་ཆུང་དྲགས་པའི་དཀའ་ངལ་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༡༠

Leave a Reply