མི་སེར་ཡིན་པ་ར་སྤྲོད་མ་ཐུབ་ཚེ་ཡུལ་མིའི་་ཐོབ་ཐང་འཕྲོག་རྒྱུ་ཡིན།

རྒྱ་གར་གཞུང་གིས་ཨ་སམ་མངའ་སྡེའི་ཕྱི་མི་བཀག་སྡོམ་གྱི་བཅའ་ཁྲིམས་བསྐྱར་གསོ་བྱས་ཏེ་ཡུལ་དེར་གནས་སྡོད་མི་གྲངས་ས་ཡ་ ༤ ལྷག་གིས་མི་སེར་ཡིན་པ་ར་སྤྲོད་མ་ཐུབ་ཚེ་ཡུལ་མིའི་ཐོབ་ཐང་འཕྲོག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཉེ་སྔོན་རྒྱ་གར་གཞུང་གིས་ཨ་སམ་མངའ་སྡེ་ (Assam) ནང་གི་མི་མང་ཡོངས་ལ་ཕྱི་ལོ་ ༡༩༧༡ སྔོན་རྒྱ་གར་ནང་ཡོད་པའི་བདེན་དཔང་ཡོད་མེད་ཞིབ་བཤེར་གནང་བ་བརྒྱུད་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཡུལ་དེའི་མི་གྲངས་ས་ཡ་ ༤ ལྷག་ལ་མི་སེར་གྱི་ཆ་རྐྱེན་ཚང་མེད་པས་ཁྲིམས་འགལ་གྱིས་རྒྱ་གར་ནང་འཛུལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཨ་སམ་མངའ་སྡེའི་ནང་བཀག་ཉར་ཁང་ ༦ ཡོད་པ་དེར་མི་གྲངས་ ༡༠༠༠ ཙམ་ལས་ཤོང་ཀྱི་མེད་པས། བཀག་ཉར་ཁང་ནང་འཚང་ཁ་མི་ཡོང་ཆེད་རྒྱ་གར་གཞུང་གིས་འགྲོ་གྲོན་ཧིན་སྒོར་ས་ཡ་ ༤༧༠ བཏང་སྟེ། ཨ་སམ་གྱི་གྷོལ་པ་ར་རྫོང་ (Goalpara) ནང་མི་གྲངས་ ༣༠༠༠ ལྷག་ཤོང་བའི་བཀག་ཉར་ཁང་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག

ཞིབ་འཇུག་བྱས་པ་ལྟར་ན། སྤྱིར་ཨ་སམ་མངའ་སྡེའི་ནང་ཡུལ་མི་ཁྱོན་ས་ཡ་ ༣༡ ལྷག་ཡོད་པ་ལས་ས་ཡ་ ༤ ལྷག་གིས་རྒྱ་གར་གྱི་མི་སེར་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། ཁོང་ཚོ་མང་ཆེ་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་ནས་ཡོང་བའི་སྐྱབས་བཅོལ་བ་ཡིན་འདུག

ད་ལྟའི་ཆར་རྒྱ་གར་གཞུང་ནས་ཁོང་ཚོ་ཕྱིར་འཕུད་གཏོང་རྒྱུ་ཡིན་པའི་བཀོད་ཁྱབ་སོགས་བཏང་མེད་ཀྱང་། སྐྱབས་བཅོལ་བ་དེ་ཚོས་རྒྱ་གར་གྱི་ཡུལ་མིའི་ཐོབ་ཐང་འཕྲོག་གི་ཡོད་སྟབས།ཁོང་ཚོའི་འོས་བསྡུའི་ཐོབ་ཐང་དང་མི་སེར་ལག་འཁྱེར། དེ་བཞིན་ས་ཆའི་བདག་དབང་སོགས་འཕྲོག་རྒྱུ་ཡིན་པ་མ་ཟད། མི་འགྱངས་བར་བཀག་ཉར་ཁང་དུ་བཅུག་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་འདུག

ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་ཨ་སམ་མངའ་སྡེ་ཡོངས་ཀྱི་སློབ་ཕྲུག་མཐུན་ཚོགས་(All Assam Students Union) ཀྱིས་བྷང་ལ་ཌེ་ཤི་ནས་ཡོང་བའི་སྐྱབས་བཅོལ་བ་ཚོར་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་པོ་སྤེལ་ཏེ། ཁྱོན་སྐྱབས་བཅོལ་བ་ ༢༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ཁོང་ཚོ་ཕལ་ཆེ་བ་ཁ་ཆེ་བ་ཡིན་འདུག

ཕྱི་ལོ་ ༡༩༨༥ ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་རཱ་ཇེབ་གྷན་རྡི་ (Rajiv Gandhi) མཆོག་གི་སྣེ་འཁྲིད་འོག ཨ་སམ་མངའ་སྡེ་ཡོངས་ཀྱི་སློབ་མའི་མཐུན་ཚོགས་དང་ས་གནས་ཚོགས་པ་གཞན་འགའ་མཉམ་འབྲེལ་ཐོག་བྷང་ལ་ཌེ་ཤིའི་སྐྱབས་བཅོལ་བར་གྲོས་ཆོད་ཅིག་གཏན་འབེབ་བྱས་པའི་ནང་། ཕྱི་ལོ་ ༡༩༧༡ ཟླ་ ༣ ཚེས་ ༢༤ རྗེས་ནས་རྒྱ་གར་ནང་ཡོང་བ་ཚོ་ཁྲིམས་ཐོག་ནས་ཕྱི་མིར་ངོས་འཛིན་བྱ་རྒྱུ་ཡིན་པ་གསལ་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། གལ་སྲིད་རྒྱ་གར་གཞུང་གིས་མི་སེར་ར་སྤྲོད་མ་ཐུབ་པའི་སྐྱབས་བཅོལ་བ་རྣམས་བྷང་ལ་ཌེ་ཤིའི་ནང་ཕྱིར་སློག་གཏང་ཚེ། འབར་མའི་རོ་ཧིན་གྷ་ (Rohingya) ཁ་ཆེ་གྲངས་ཉུང་མི་རིགས་ཚོ་རྒྱལ་ཁབ་དེ་ནས་ཕྱིར་འཕུད་བཏང་པ་དང་གནས་སྟངས་གཅིག་མཚུངས་སུ་འགྱུར་ངེས་ཡིན་སྐོར་བརྗོད་ཀྱི་འདུག འོན་ཀྱང་། རྒྱ་གར་གཞུང་དང་བྷང་ལ་ཌེ་ཤི་གཞུང་གཉིས་བར་ཡུལ་མི་རྩིས་སྤྲོད་བྱེད་པའི་ཆིངས་ཡིག་སོགས་གང་ཡང་མེད་སྟབས། བྷང་ལ་ཌེ་ཤི་གཞུང་གིས་རྒྱ་གར་ནང་ཡོང་བའི་སྐྱབས་བཅོལ་བའི་གནས་སྟངས་དེ་རྒྱ་གར་གྱི་གནད་དོན་ཞིག་ཡིན་པ་ལས། རྒྱལ་ཁབ་གཉིས་བར་ལ་དེའི་སྐོར་ནས་འབྲེལ་བ་གཅིག་ཀྱང་མེད་སྐོར་བརྗོད་བཞིན་ཡོད་འདུག

ཡང་གནད་དོན་དབྱེ་ཞིབ་པ་འགས་དེ་ནི་འོས་བསྡུའི་སྐབས། ཆབ་སྲིད་ཚོགས་པ་ཚོས་འོས་ཤོག་ཐོབ་ཆེད་ལམ་ཁ་གསར་བཟོ་དང་ཆུ་གློག་འཐེན་པ་སོགས་ཀྱི་ལས་གཞི་གསར་པ་རིགས་སྤེལ་ཏེ་མི་མང་གི་སེམས་བཀུག་ཐབས་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་རྐྱེན། ཧིན་རྡི་རྒྱལ་ཞེན་པ་ཚོས་རྒྱབ་སྐྱོར་འཚོལ་ཆེད་ཆབ་སྲིད་འཁྲབ་སྟོན་བྱེད་བཞིན་ཡོད་པ་ཙམ་ལས། འོས་བསྡུ་ཆེན་མོའི་རྗེས་ནས་གནད་དོན་དེ་རིམ་གྱིས་འཇགས་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

ཕྱི་ལོ་ ༡༩༤༧ ལོའི་སྔོན་དུ་རྒྱ་གར་དང་བྷང་ལ་ཌེ་ཤི། པཱ་ཀི་སི་ཐན་བཅས་དབྱིན་ཇིའི་འཛིན་སྐྱོང་གཅིག་གི་འོག་ཡོད་པ་དང་། ཕྱིས་སུ་དབྱིན་གཞུང་གིས་རང་བཙན་སྤྲོད་དུས་ཁ་ཆེ་བ་ཡིན་པའི་པཱ་ཀི་སི་ཐན་དང་བྷང་ལ་ཌེ་ཤི་གཉིས་ཀྱིས་རང་བཙན་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ནས་རང་བཙན་བླངས་ཡོད་པ་དང་། སྐབས་དེར་བྷང་ལ་ཌེ་ཤིའི་མིང་ལ་ཤར་པཱ་ཀི་སི་ཐན་དུ་འབོད་ཀྱི་ཡོད་འདུག ཡུལ་དེ་ནས་ཧིན་རྡི་བ་མང་པོ་རྒྱ་གར་ནང་གནས་སྤོར་བྱས་པ་དང་མཉམ་དུ་ཁ་ཆེ་བ་མང་པོ་ཞིག་ཀྱང་སྐྱབས་བཅོལ་དུ་ཡོང་ཡོད་པ་རེད། ཕྱི་ལོ་ ༡༩༧༡ ལོར་བྷང་ལ་ཌེ་ཤི་དང་པཱ་ཀི་སི་ཐན་བར་དམག་འཁྲུག་བྱུང་སྟེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་བྷང་ལ་ཌེ་ཤི་ལ་རང་བཙན་ཐོབ་པ་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དང་། ཡུལ་གཉིས་ཀྱི་དམག་འཁྲུག་སྐབས་སྐྱབས་བཅོལ་བ་མང་པོ་ཞིག་རྒྱ་གར་ནང་འབྱོར་ཡོད་འདུག

ཕྱི་ལོ་ ༡༩༥༡ ལོར་ཤར་པཱ་ཀི་སི་ཐན་ནམ་བྷང་ལ་ཌེ་ཤི་ནས་སྐྱབས་བཅོལ་བ་འབོར་ཆེན་རྒྱ་གར་ནང་ཡོང་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་ནང་བསླེབས་ཏེ། རིམ་གྱིས་ཡུལ་མིའི་ལས་ཀའི་གོ་སྐབས་དང་ཐོབ་ཐང་མང་པོ་ཞིག་འཕྲོག་པར་བརྟེན། ཡུལ་དེར་སྐྱབས་བཅོལ་བ་མུ་མཐུད་མི་ཡོང་ཆེད། ལོ་དེ་རང་ལ་རྒྱ་གར་རྒྱལ་ཡོངས་མི་སེར་ཐོ་འགོད་(National Register of Citizens) ཀྱི་བཅའ་ཁྲིམས་གཏན་འབེབ་བྱས་ཏེ། ད་ལྟའི་བར་བཅའ་ཁྲིམས་དེ་བསྐྱར་གསོ་ཐེངས་འགར་བྱས་ཡོད་ཀྱང་། བཅའ་ཁྲིམས་ནང་གསལ་ལྟར་ལག་བསྟར་བྱེད་ཐུབ་མེད་པ་རེད། འདི་ལོའི་ཕྱི་ཟླ་ ༧ པའི་ནང་བཅའ་ཁྲིམས་དེའི་འཆར་ཟིན་གསར་ཤོས་གསལ་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༠༩

Leave a Reply

One thought on “མི་སེར་ཡིན་པ་ར་སྤྲོད་མ་ཐུབ་ཚེ་ཡུལ་མིའི་་ཐོབ་ཐང་འཕྲོག་རྒྱུ་ཡིན།

  1. བསམ་པ་རྣམ་དག

    མི་སེར་ཡིན་པ་ར་སྤྲོད་མ་ཐུབ་ཚེ་ཡུལ་མིའི་་ཐོབ་ཐང་འཕྲོག་རྒྱུ་ཡིན། དུས་བབ་ཚང་ཧོལ་རྒྱུགས་ཕྲན་བུ་ཤོར་གྱི་ཡོད་ས་རེད།