བོད་སྨན་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་སྐོར་ལ་གསལ་བཤད།

སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་སྤྱིར་གསར་འགོད་པ་དང་ཉམས་ཞིབ་པ་སོགས་སུ་ཞིག་ཡིན་རུང་སོ་སོའི་སྒྲུབ་བྱའི་དམིགས་ཡུལ་དེ་མ་རྙེད་པར་ཚིག་ཐོ་འགོད་པ་ནི་རྦད་དེ་ཐལ་ཆ་ཧ་ཅང་ཆེན་པོ་རེད། དཔེར་ན་ད་ཐེངས་ཀྱི་དཔྱད་རྩོམ་དེའི་ནང་བོད་སྨན་ནང་གི་དངུལ་ཆུས་བོད་དང་རྒྱའི་ཁོར་ཡུག་ལ་གནོད་ཀྱི་ཡོད་ཚུལ་བཀོད་ཡོད་པ་ལྟ་བུ་ཡིན་སྐོར་བརྗོད་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢།༡༥ སྟེང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། ཉེ་སྔོན་ཨ་རིའི་ཚན་རིག་བརྟག་དཔྱད་ཁང་ཞིག་གིས་དངུལ་ཆུ་དང་འབྲེལ་བོད་སྨན་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་ནས་དངུལ་ཆུ་ཡིས་བོད་དང་རྒྱ་ནག་གི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པའི་ཞིབ་འཇུག་གྲུབ་དོན་བཏོན་པའི་ཐད། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། སྨན་སྦྱོར་ཁང་གི་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས། ཉམས་ཞིབ་འགན་འཛིན་སྨན་རམས་པ་རིག་འཛིན་དབང་མོ་ལགས་བཅས་ཀྱིས་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བོད་སྨན་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་ལ་ཞིབ་འཇུག་མདོར་བསྡུར་གླེང་བ་ཞེས་པའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱལ་ཁབ་ཡར་ཐོན་ཅན་རྣམས་ཀྱིས་དངུལ་ཆུ་སྨན་ནང་བེད་སྤྱོད་གཏོང་མཚམས་འཇོག་རྒྱུར་འབད་བརྩོན་ཆེད་ཚོགས་ཆེན་འདྲ་མིན་མང་པོ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ནང་ཚོགས་པའི་ཚོགས་འདུའི་སྐབས་རྒྱལ་ཁབ ༡༤༠ ཙམ་གྱིས་དེར་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་ཡོད་ན་ཡང་། སྐབས་དེར་རྒྱ་དཀར་ནག་གཉིས་ཀྱིས་མཚན་རྟགས་བཀོད་མེད་པ་དང་། ཕྱིས་སུ་རྒྱ་གར་གྱིས་མཚན་རྟགས་སྐྱོན་ཡོད་ན་ཡང་ཨ་ཡོ་ཝེ་དྷ་ (Ayurvedic) སོགས་ཀྱིས་ངོ་རྒོལ་བྱས་པ་ལ་བརྟེན་ནས་རྒྱ་གར་གྱིས་ལག་བསྟར་གང་ཡང་བྱས་མེད་པ་དང་། ཉེ་སྔོན་རྒྱ་གར་བློན་ཆེན་གྱིས་བཀོག་ཁྱབ་བཏང་ནས་ཕྱི་ལོ་ ༢༠༢༥ ནས་དངུལ་ཆུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ་ལུང་འདྲེན་ཞུས་དོན། ངེད་རང་ལོ་རེའི་འཕྲོད་བསྟེན་རྟག་དཔྱད་བརྒྱུད་རིམ་ནང་ཕྱི་ལུགས་སྨན་པ་ཁ་ཤས་ནས་ངོས་ཀྱི་ཁྲག་ནང་དངུལ་ཆུའི་ཆ་འདྲ་པོ་ཐོན་གྱི་ཡོད་པ་གསུངས་ཀྱི་འདུག ངོས་རང་ནས་ཁོང་ཚོར་རྐང་བཙུགས་ནས་བཏང་གི་ཡོད་ལབ་ཀྱི་ཡོད། ང་ཚོས་དུག་བཏོན་ཟིན་པའི་དངུལ་ཆུ་(བཙོ་ཐལ) བེད་སྤྱོད་བྱ་ཡི་ཡོད་པ་ལས་དུག་མ་བཏོན་པའི་དངུལ་ཆུ་ཞིག་བེད་སྤྱོད་བྱ་ཡི་མེད། བྱས་ཙང་ངོས་ནས་བགྲང་བྱ་བཞི་བཅུ་ལྔ་བཅུའི་རིང་བཙོ་ཐལ་ཡོད་པའི་བོད་སྨན་མུ་མཐུད་བེད་སྤྱོད་བྱས་པ་ཡིན་ཀྱང་དངུལ་ཆུའི་དུག་ཤས་ཅན་གྱི་མངོན་ཚུལ་ལམ་རྟགས་མཚན་འདྲ་པོ་གང་ཡང་མངོན་གསལ་མིན་འདུག་ཅེས་བཀའ་བསྩལ་ཡོད་པ་རེད། ཅེས་དང་། སྐབས་དེར་སྨན་རམས་པ་ས་ར་ཌི་སད་སད་ལོན (Dr. Sarah Sallon) མཆོག་གིས་གསུངས་དོན། ང་རང་སྨན་པ་ཞིག་དང་ཉམས་ཞིབ་པ་ཞིག་གི་ཐོག་ནས་བོད་སྨན་ནང་གི་བཙོ་ཐལ་ལ་ད་བར་ང་ཚོས་ཉམས་ཞིབ་ལན་གཉིས་བྱས་པའི་གྲུབ་འབྲས་ནང་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་ཡང་ལུས་ཁམས་ལ་གནོད་མེད་རང་འཇགས་རང་བཞིན་ལེགས་པོ་ཡིན་པའི་བདེན་དཔང་ར་སྤྲོད་བྱུང་ཡོད་སྐོར་བརྗོད་ཡོད་པ་རེད། ཅེས་འཁོད་འདུག

དེའི་རྗེས་ཉམས་ཞིབ་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ཀྱིས་སྨན་རྩིས་ཁང་གི་བཙོ་ཐལ་གྱི་ཕན་གནོད་ལ་ཚན་རིག་དང་མཐུན་པའི་ཉམས་ཞིབ་གནང་ཡོད་པའི་སྐོར་ལ། ཕྱི་ལོ་ ༢༠༠༣ དང་ ༢༠༠༩ ལོར་སྔ་ཕྱིར་དུ་དྷ་ས་བོད་ཀྱི་སྨན་རྩིས་ཁང་དང་ཨེ་ཟི་རལ་ཧ་རྡ་ཤ་(Natural Medicine Research centre)རང་བྱུང་སྨན་གྱི་ཉམས་ཞིབ་ཁང་དང་། དབྱིན་ཡུལ་གྱི་ལེ་ཝར་པོལ(University of Liverpool Chemistry Dept.)མཐོ་རིམ་སློབ་གྲྭའི་རྫས་སྦྱོར་ཚན་པ། དབྱིན་ཡུལ་མན་ཇི་སི་ཊར་(Dept. of Chemistry university of Manchester)མཐོ་རིམ་སློབ་གྲྭའི་རྫས་སྦྱོར་ཚན་པ། བདེ་ལེགས་སྨན་ཁང་བཅས་ཟུང་འབྲེལ་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཀྱི་གྲུབ་འབྲས་སུ། བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་བྱས་ནས་བསྟེན་ཡང་ལུས་ཁམས་ལ་དུག་ཤས་ཀྱི་གནོད་སྐྱོན་མངོན་གསལ་མེད་པ་མ་ཟད། སྤྱིར་བཏང་ལུས་པོའི་རྣམ་པ་དང་། མཁའ་མཆིན་གྱི་བྱེད་ནུས། གལ་ཆེའི་དབང་རྟེན་ཁག་གི་ཕུང་གྲུབ་རིག་པའི་ཐོག་ནས་ཤུགས་རྐྱེན་མངོན་གསལ་མེད་པས། བཙོ་ཐལ་གྱིས་ཟུར་ཕོག་མེད་ཁར་བདེ་འཇགས་རང་བཞིན་ཡིན་པ་ར་འཕྲོད་བྱུང་ཡོད་པ་རེད། ཉམས་ཞིབ་ཐེངས་གཉིས་པའི་སྐབས་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་པས་ཤེས་རྟོགས་ཀྱི་ནུས་པར་ཕན་ནུས་བྱུང་ཡོད་པའང་གསལ་ཡོད་ལ། སྔོན་འགྲོའི་ཉམས་ཞིབ་སྐབས་ཀྱི་སྙན་པོ་དེ་བཞིན་ཚན་རིག་དུས་དེབ་ (Human and Experimental Toxicology ) ནང་འདོན་སྤེལ་ཟིན་པ་དང་ཉམས་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་རྒྱས་པ་ཤོག་གྲངས་ ༧༠ ཅན་ཞིག་ཚན་རིག་གི་དུས་དེབ་(Experimental Biology and Medicine)ནང་འདོན་སྤེལ་བྱས་ཡོད། ཡང་ཉེ་ཆར་ཚན་རིག་པ་སྒེར་བ་ཞིག་དང་མཉམ་འབྲེལ་ཐོག་ཉམས་ཞིབ་སྐབས། ནད་མེད་དམ་རྒྱུན་ལྡན་གྱི་སྐྱེས་ལྡན་ཕྲ་ཕུང་རྣམས་ལ་བོད་སྨན་སྦྱོར་བས་གནོད་སྐྱོན་མི་མངོན་པ་ནི་སྤྱིར་བོད་སྨན་དང་དང་ལྷག་པར་དུ་བཙོ་ཐལ་གྱི་སྦྱོར་བ་དེར་རྫས་བསྐྱེད་ཀྱི་ནུས་པ་ཧ་ཅང་བཟང་པོ་ལྡན་ལ་བདེ་འཇགས་རང་བཞིན་ཡིན་པ་ར་འཕྲོད་བྱུང་ཡོད། ཅེས་བརྗོད་སོང་།

སྨན་སྦྱོར་ཁང་གི་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས་དངུལ་ཆུ་སྨན་སྦྱོར་སྐོར་ནས་བརྗོད་དོན། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ནི་སྔ་རབས་སྨན་གྱི་མཁས་དབང་རྣམས་ཀྱི་ཞལ་དང་སྙན་དུ་བརྒྱུད་ཅིང་མྱོང་བས་གྲུབ་པའི་སྲོལ་རྒྱུན་གྱི་ཕྱག་ལེན་ཁྱད་དུ་འཕགས་པ་ཞིག་ཡིན། དངུལ་ཆུ་ནི་བཅུད་ལེན་དང་སྨན་ཐམས་ཅད་ཀྱི་གཙོ་བོ་ཡིན་ཅིང་། ནུས་པའང་གཞན་ལས་ལྷག་པ་ཡོད་ཀྱང་དེའི་གཡའ་དང་། ལྕི་འབིགས། རྩིའི་རྩུབ་ཀྱི་དུག་རྣམས་ལེགས་པར་མ་བཏོན་ན་དུག་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་ཞེས། ཁོང་དུ་ཤོར་ན་ཚེ་སྲོག་ལ་རྒོལ་ཞིང། ལུས་ལ་ནད་སྣ་ཚོགས་པ་བྱུང་བ་སོགས་ཉེས་སྐྱོན་གྱི་ཆ་དུ་མ་གསུངས་ཡོད། དེ་ཡང་དངུལ་ཆུ་རག་པ་དེ་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་གྱི་ངོ་བོར་འགྱུར་ཐབས་ཀྱི་ཕྱག་ལེན་དེར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཞེས་ཡོངས་སུ་གྲགས་པ་དང་། དངུལ་ཆུ་བཙོ་བཀྲུ་སྦྱངས་གསུམ་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་གསུངས་ཡོད་དེ། བཙོ་བཀྲུའི་དགོས་ཁྱད། ཉེར་མཁོའི་སྟ་གོན། བཙོ་བཀྲུ་དངོས་གཞིའི་བྱ་བ། ལྕི་འབིགས་བཙོ་བཀྲུས་འདུལ་བ། དགྲ་དང་སྤྲད་ནས་རང་གཟུགས་སུ་བསྒྲུར་བ། བཅང་ཚུལ། བསྟེན་ཐབས། ཕན་ཡོན་བཅས་ཀྱི་སྒོ་ནས་རྒྱས་པར་གསུངས་ཡོད་པ་རེད། རྒྱ་ཆེ་གཏིང་གཟབ་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་དེ་སྨན་སྦྱོར་གྱི་ལག་ལེན་མང་དག་ཡོད་པའི་ནང་ནས་མན་ངག་གི་ཕྱུག་པའི་ཕྱག་ལེན་དཀའ་ཤོས་ཞིག་ཡིན། དཔེར་མཚོན་ཙམ་ཞུས་ན། བཙོ་ཐལ་སྤྱི་རྒྱ་ ༡༠༠ ཙམ་བཟོ་བསྐྲུན་ཆེད་ཉུང་མཐར་མི་གྲངས་ ༣༠ ནས་ ༤༠ ཙམ་གྱིས་རེ་མོས་བྱས་ཏེ་ཟླ་གྲངས་གཉིས་ཙམ་ཉིན་མཚན་བསྟུན་མར་དུག་སེལ་གྱི་ལས་སུ་འཇུག་དགོས་པ་ཞིག་ཡིན། དངུལ་ཆུ་དེ་མཐར་བཅུད་ཀྱི་རྒྱལ་བོ་བཙོ་ཐལ་གྱི་ངོ་བོར་ལེགས་པར་བསྒྲུབས་རྗེས། སྐབས་ཐོག་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་འགན་འཁུར་བ་གཙོ་བོས་བཙོ་ཐལ་དེ་ཉིད་བདུད་རྩིར་འགྱུར་ཏེ་ཚེ་སྲོག་ལ་གནོད་འཚེ་མེད་པ་ཡིན་པའི་འགན་བཞེས་པའི་སྔར་སྲོལ་ལྟར་མུ་མཐུད་བྱེད་མུས་ཡིན། ཞེས་བརྗོད་སོང་།

མཇུག་ཏུ་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་དཔྱད་རྩོམ་དེ་དང་འབྲེལ་ནས་གསུངས་དོན། སྤྱིར་གསར་འགོད་པ་དང་ཉམས་ཞིབ་པ་སོགས་སུ་ཞིག་ཡིན་རུང་། ག་དུས་ཡིན་ཡང་སོ་སོའི་སྒྲུབ་བྱའི་དམིགས་ཡུལ་དེ་མ་རྙེད་པར་ཚིག་ཐོ་འགོད་པ་ནི་རྦད་དེ་ཐལ་ཆ་ཧ་ཅང་ཆེན་པོ་རེད། དཔེར་ན་ད་ཐེངས་ཀྱི་དཔྱད་རྩོམ་དེའི་ནང་བོད་སྨན་ནང་གི་དངུལ་ཆུས་བོད་དང་རྒྱའི་ཁོར་ཡུག་ལ་གནོད་ཀྱི་ཡོད་ཚུལ་བཀོད་ཡོད་པ་ལྟ་བུ་རེད། བོད་སྨན་ནང་དངུལ་ཆུ་ག་ཚོད་བསྲེས་ཀྱི་ཡོད་པ་དང་སྨན་དེ་མི་ག་ཚོད་ལ་སྤྲོད་ཀྱི་ཡོད་པ་རེད་དམ། ང་ཚོར་མི་འབོར་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། སྨན་དེས་རྒྱ་ནག་དང་བོད་གཉིས་ལ་གནོད་ཀྱི་ཡོད་པ་བཤད་པ་དེ་ནི་གཅིག་བྱས་ན་ང་ཚོར་མ་དགའ་བ་དང་། གཞན་ཕྲག་དོག་དང་འགྲན་སེམས་ཅན་མང་པོ་ཡོད་པས་རྐྱེན་གྱིས་རེད། དེའི་རྒྱབ་ལྗོངས་ང་ཚོས་ག་རེ་ཡིན་ཤེས་ཀྱི་ཡོད་པ་མ་རེད་དེ། ང་ཚོས་དེའི་རྒྱབ་ལྗོངས་ལ་བལྟས་ནས་ཉམ་ཆུང་བྱེད་དོན་ཡོད་པ་མ་རེད། སོ་སོ་ལ་སྤོབས་པ་དང་ནུས་པ། ཁུངས་སྐྱེལ་ར་སྤྲོད་ཐུབ་པ་ཞིག་ཡོད་ན་བཤད་ནས་དག་སེལ་བྱེད་དགོས་རེད། བོད་སྨན་རྩིས་ལ་ཚན་རིག་གི་སྒྲུབ་བྱེད་སྟོན་རྒྱུ་མེད་པ་ལྟ་བུ་ཞིག་ལ་སྤྱི་ཚོགས་ནང་མཐོང་གི་ཡོད་ན་ཡང་། དོན་དངོས་སུ་བོད་སྨན་ལ་གནའ་སྔ་མོ་ནས་མངོན་སུམ་ཚད་མ་དང་ལུང་གི་ཚད་མ། རྗེས་དཔག་ཚད་མ་བཅས་ཚད་མ་གསུམ་ལ་གཞི་བཞག་ནས་གཏན་ལ་ཕབ་པའི་གཞུང་ལུགས་ཤིག་ཡིན་པ་མ་གཏོགས། ཕྱི་ལུགས་བཞིན་ཡོད་དང་མེད་གཉིས་ཁ་མཚོན་བཅད་ཡོད་པ་དེ་འདྲ་མ་རེད། དེ་ནམ་ཡང་ཁ་མཚོན་གཅོད་ཐུབ་ཀྱི་མེད་པ་དེ་བཞིན་དངུལ་ཆུ་ལྡན་པའི་རིན་ཆེན་མང་སྦྱོར་ཆེན་མོས་ནད་པ་མང་པའི་ཚེ་སྲོག་བསྐྱབས་ཡོད་པ་ལས་གནོད་ཡོད་པའི་གནས་ཚུལ་བྱུང་མེད་པ་མ་ཟད། དེང་དུས་ཀྱི་ནད་རིགས་གཉན་ནད་དང་ཕྱི་ལུགས་ཀྱི་བཅོས་ཐབས་མེད་པའི་ནད་རིགས་མང་པས་བོད་སྨན་གྱིས་དྲག་སྐྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༠

Leave a Reply

8 thoughts on “བོད་སྨན་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་སྐོར་ལ་གསལ་བཤད།

  1. ས་མཐའི་སྤུན་

    ༡༩༨༤ལོའི་ཟླ་༡༢ཀྱི་ཚེས་༢དང་༣ ཉིན་བྷོ་པལ་ལ་ནག་རྫས་དུག་རླངས་ཁ་ཤོར་ནས་ཡུལ་མི་སྟོང་ཕྲག་འགའི་སྲོག་ཤོར་བ་མ་ཟད་སྟོང་ཕྲག་མང་པོ་སྨན་ཁང་ནང་མྱུར་སྐྱོབ་དང་སྨན་བཅོས་དགོས་པ་སོགས་ཛ་དྲག་བྱུང་དུས་བོད་མི་སུད་ཚོང་བ་མང་པོ་ཡང་དེར་ཡོད་པ་ཐོས། ཡིན་ན་ཡང་བོད་མིའི་ཚེ་སྲོག་ཤོར་བ་མ་ཐོས། དེའི་རྒྱུ་མཚན་ཡང་རིན་ཆེན་རིལ་བུ་ཟོས་པ་ལས་ཡིན་པ་ཐོས། དེ་དུས་ས་གནས་སུ་བོད་མིའི་གྲངས་དང་དུག་རླངས་ཕོག་པའི་དཀའ་ངལ་ཇི་བྱུང་སོགས་འདིར་གསལ་བཤད་གནང་ན་དགེ་མཚན་ཡོད་པ་ཡིན། ཐུགས་རྗེ་ཆེ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་སྨན་སྐོར་ལ་ཕྱིའི་ཚན་རིག་གི་རྟགས་དཔྱད་དང་ཞིབ་འཇུག་གནང་ནས་སྐྱོན་གནད་
    སྟོན་པའི་གནས་ཚུལ་གསར་ཤོག་དང་ཨ་རི་བོད་སྐད་ཀུན་གླེང་རྒྱུད་ནས་ཤེས་རྟོགས་བྱུང་
    བ་དང་ད་ལམ་དབུས་སྨན་རྩིས་ཁང་ནས་བོད་སྐད་དང་བོད་ཡིག་ཐོག་གསལ་བཤད་གནང་
    འདུག་པ་འདི་དག་དབྱིན་ཡིག་དང་དབྱིན་སྐད་ཐོག་གསལ་བཤད་གནང་དགོས་པ་ནི་སྐྱོན་
    འཛུགས་བྱ་མི་ཕྱི་མི་ཡིན་པ་ལས་བོད་མི་མིན་པ་དང་གཉིས་ནས་ཚན་རིག་གི་རྟགས་དཔྱད་ཞིབ་
    འཇུག་ནང་བོད་དང་རྒྱ་ནག་་འཁོད་པ་ལས་བོད་སྨན་ཟུར་འདོན་བྱས་པ་མཐོང་མ་སོང་ན་རྒྱ་
    མིའི་འདིའི་སྐོར་ལ་གསལ་བཤད་མ་བྱས་སྔོན་དུ་ང་ཚོ་སྔོན་འཐོན་བྱ་དགོས་པ་དེ་སྔ་མོ་བོད་ཀྱི་
    གཏམ་དཔེ་ལ་གཏམ་ཨ་ཕས་མ་བཤད་ཨ་མས་བཤད་ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་
    ཟེར་བའི་དཔེ་དེ་མ་རེད་དམ་?

  3. བསྟན་པ་ལེགས་ཚོགས

    ༄༄། རང གཞུང སྨན་རྩིས་ཁང་ནས་བོད་སྨན་ནངདངུལ་ཆུ་དང་བཙོ་ཐལ་གྱི་སྐོར་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ གང་ལ་ཞེས་ན་གནས་ཚུལ་འདིའི་སྐོར་ཨ་རིའི་རླུུང་འཕྲིན་ནང་ཐོན་པ་ལྟར་དངུལ་ཆུས་འཁོར་ཡུག་ལ་གནོད་པ་མ་ཟད་ མིའི་ཀླད་པར་འང་གནོད་པ་ཡོང་གི་ཡོད་ཚུལ་འགྲོ་གླེང་བྱུང་སོང་བའི་རྐྱེན་གྱི་གུས་བཟའ་འཚོས་ཟླ་རེའི་ཚེས་ ༡༥ དང་ཚེས་ ༣༠ སོ་སོར་རིན་ཆེ་རིན་བུ་་རེ་བཟའ་ཡི་ཡོད་པས་བློ་ཚབ་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་རེ་མི་མང་མཇལ་བཅར་ཞུ་མི་ཚོར་རིན་ཆེན་རིལ་བུ་གསོལ་བརྩལ་གནང་གི་ཡོད་པ་གུས་རང་ལ་ཡང་དེ་འདྲའི་གོ་སྐབས་རེ་གཉིས་ཐོབ་མྱུང་བ་དང་ལྷག་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་ལོ་ངོ་སྟོང་ཕྲག་ལྷག་གི་ལུགས་རྒྱུད་སོགས་པ་
    ལ་གནོད་མི་ཡོང་ངམ་བསམ་སྟེ་རང་གཞུང་སྨན་རྩིས་ཁང་ལ་འདིའི་སྐོར་བོད་མི་སྤྱི་དང་བོད་སྨན་ཐོག་འབྲེལ་ཡོད་ཕྱི་རྒྱ་བ་རྣམས་ལ་བློ་བདེ་བག་ཕེབས་ཡོང་ཆེད་དེའི་ཐོག་ཞིབ་འཇུག་དང་འབྲེལ་གསལ་བསྒྲག་ཞིག་གནང་སྐྱོང་ཡོང་བའི་རེ་བའི་སྙན་ཞུ་འབུལ་ལམ་ཞུས་པ་ལ་རང་གཞུང་སྨན་རྩིས་ཁང་གི་དབུ་འཛིན་དང་ཆེད་ལས་ལྷ་རྗེ་རྣམས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་གསལ་སྒྲགས་འདི་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཁེ་ཎ་ཌ་ནས་བསྟན་པ་ལེགས་ཚོགས་ཀྱིས་གུས་འདུད་བཅས་བྲིས་།།