ཁྲིམས་ཞིབ་པ་ངག་དབང་ཆོས་གྲཊ་ལཊ་ཀྱིས་རྒས་ཡོལ་ཞུས།

བོད་པའི་ཁ་རྒྱུན་དུ་གྱོད་དང་ཁ་མཆུ་ཉུང་ན་དགའ། ཟ་རྒྱུ་འཐུང་རྒྱུ་མང་ན་དགའ་ཟེར་བ་ལྟར་བོད་མིའི་ནང་ཁ་མཆུ་རྒྱག་མཁན་ཉུང་ཉུང་རེད་འདུགབོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མཚན་ཐོག་ཏུ་རྩ་དགོངས་ཞུ་བའི་སྙན་ཞུ་ཕུལ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༠༩ ཚེས་ ༠༣ ཉིན་ནས་ཁྲིམས་ཞིབ་པ་ནས་རྒས་ཡོལ་དུ་ཕེབས་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ངག་དབང་ཆོས་གྲགས་ལགས་སུ་ཁོང་གིས་ལོ་ལྔ་ཙམ་རིང་ཁྲིམས་ཞིབ་པ་གནང་བའི་བརྒྱུད་རིམ་ཁྲོད་ཉམས་མྱོང་ཅི་བྱུང་དྲིས་པར་ཁོང་གིས། སྤྱིར་བཏང་བོད་པའི་གཤིས་ཀ་ལ་ཁ་མཆུ་བརྒྱབ་ཟེར་དུས་བསམ་བློའི་ནང་ཁ་མཆུ་རྒྱག་མཁན་དེ་སྡུག་ཅག་ཅིག་ལ་རྩིས་ཏེ་ཡག་པོ་མཐོང་གི་མེད་པ་རེད། དེར་བརྟེན། ཁྲིམས་རྩོད་པ་གླས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁ་མཆུ་བརྒྱབས་པ་ཞེ་དྲགས་ཉུང་ཉུང་རེད། ལོ་རྒྱུས་ཐོག་ནས་ཁ་མཆུ་བཅོ་བརྒྱད་བཅུ་དགུ་ཞིག་བྱུང་སོང་ལབ་རྒྱུ་ཞིག་ཡོད་པ་རེད། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཁ་མཆུ་རྒྱག་མཁན་ཉུང་ཉུང་ཡིན་སྟབས། ཁྲིམས་ཞིབ་ཁང་ནས་ཉམས་མྱོང་དམིགས་བསལ་གང་ཡང་བྱུང་མ་སོང་། ཞེས་གསུངས་བྱུང་།

བོད་པའི་སྤྱི་ཚོགས་ནང་ཁ་མཆུ་དེ་ཙམ་ཡོང་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་དགོངས་ཀྱི་ཡོད་དྲིས་པར་ཁོང་གིས། བོད་པའི་ཁ་རྒྱུན་དུ་གྱོད་དང་ཁ་མཆུ་ཉུང་ན་དགའ། ཟ་རྒྱུ་འཐུང་རྒྱུ་མང་ན་དགའ། ཟེར་སྲོལ་ཡོད་པ་ལྟར། མི་ཚང་མས་སོ་སོ་སྤྱི་ཚོགས་ནང་མི་སྡུག་པོ་དེ་འདྲ་བྱེད་འདོད་མེད་སྟབས། ཁ་མཆུ་རྒྱག་གི་མེད་པ་རེད། ཅེས་གསུངས་བྱུང་།

དམངས་གཙོའི་སྤྱི་ཚོགས་ནང་མང་ཚོགས་ནས་ཁ་མཆུ་གཏུག་པར་དགོས་གལ་ག་ཚོད་ཅིག་ཡོད་སྐོར་ལ་ཁོང་གིས། ཁ་མཆུ་ངེས་པར་དུ་གཏུགས་དགོས་པ་རེད། གང་ཡིན་ཟེར་ན། སོ་སོའི་སེམས་ནང་ཡོད་པ་དེ་སྤྱི་ཚོགས་ནང་ཕྱིན་ནས་སྐད་ཆ་བཤད་དེ་རྙོག་དྲ་བཟོས་བསྡད་པ་ཡིན་ན་ཡོང་རྒྱུ་གང་ཡང་ཡོད་པ་མ་རེད། ཁ་ཐུག་ཁ་མཆུ་གཏུགས་པ་ཡིན་ན་སོ་སོའམ་མི་གཞན་གྱི་སྐྱོན་ཡིན་མིན་གསལ་པོ་ཆགས་ཡོང་གི་རེད་ལ། གསལ་པོ་ཆགས་ཡོང་དུས་སྤྱི་ཚོགས་ནང་རྙོག་དྲ་ཡོང་གི་མ་རེད། རྙོག་དྲ་མེད་པ་ཡིན་ན་སྤྱི་ཚོགས་ཞི་བདེ་བག་ཕེབས་ཆགས་ཀྱི་ཡོད་པ་དང་། ཞི་བདེ་བག་ཕེབས་ཡོད་ན་ཡར་རྒྱས་ལྡན་པ་དང་ཡས་རྒྱས་ཕྱིན་ན་བདེ་བ་འབྱུང་གི་ཡོད། ཅེས་གསུངས་བྱུང་།

བོད་སྤྱི་ཚོགས་ནང་དམངས་གཙོ་གཞིར་བཞག་པའི་ཐོག་མི་མང་དང་ལྷག་པར་དུ་གཞོན་སྐྱེས་ཚོས་ཁྲིམས་ལུགས་ཐོག་དོ་སྣང་བྱེད་དགོས་པ་ག་རེ་ཡོད་པ་གཟིགས་ཀྱི་ཡོད་དྲིས་པར་ཁོང་གིས། དེང་སང་གཞོན་སྐྱེས་ཁག་ཅིག་གིས་ཁྲིམས་ཟེར་དུས་དབྱིན་ཇི་དང་རྒྱ་གར་མ་གཏོགས་བོད་ལ་དེ་སྔ་ཁྲིམས་མེད་པ་འདྲ་པོ་མཐོང་གི་ཡོད་ཚོད་རེད་འདུག་ལ། ང་ལའང་སྔོན་མ་བསམ་བློ་དེ་འདྲ་འཁོར་མྱོང་མོད། རྗེས་སུ་ཞིབ་ལྟ་བྱས་ཡོང་དུས་བོད་ལ་ཁྲིམས་རྙིང་པ་མང་པོ་འདུག དེར་བརྟེན། བོད་པའི་སྤྱི་ཚོགས་ཀྱིས་ག་རེ་ལྟ་དགོས་རེད་ཟེར་ན། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུངས་པ་ལྟར། ཧ་ཅང་བཟང་ཞན་གྱི་མཐའ་གཉིས་སུ་མ་ལྷུང་བ་ཞེས་པ་བཞིན། ང་ཚོས་དེང་དུས་ཀྱི་རིག་གཞུང་དེ་ཞེ་དྲགས་གསར་བརྗེ་ཡིན་ལབ་ནས་ཐལ་དྲགས་པ་མི་བྱེད་རྒྱུ་དང་། ཡང་སྐབས་རེར་ང་ཚོའི་རིག་གཞུང་ཡིན་ལབ་ནས་དེ་གཅིིག་པུར་འཐམ་བསྡད་པ་མ་ཡིན་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར། སོ་སོའི་རིག་གཞུང་ནང་གི་ཡག་པོ་དེ་ཚོ་ཚུར་བླངས། ཕྱིའི་སྤྱི་ཚོགས་ཀྱི་རིག་གཞུང་ལས་ཡག་པོ་དེ་ཚོ་ཚུར་བླངས་ཏེ། དེ་གཉིས་ཟུང་འབྲེལ་ཐོག་ང་ཚོ་ཡར་རྒྱས་གཏོང་དགོས་ཀྱི་འདུག ཅེས་གསུངས་བྱུང་།

ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ནི་ཕྱི་ལོ་ ༡༩༥༥ ལོར་ལྷོ་མདོ་མཁར་ཆོས་ཁྲི་སྟེང་པའི་མི་ཚང་དུ་ཕ་པདྨ་དབང་རྒྱལ་ལགས་དང་མ་ཚེ་རིང་དབྱངས་ལགས་གཉིས་སུ་སྐྱེས་ཤིང་།  ཕྱི་ལོ་ ༡༩༥༩ ལོར་བོད་ནས་འབྲུག་བརྒྱུད་འབུམ་སྡེ་ལ་དང་། ཕྱི་ལོ་ ༡༩༦༢ ལོར་འབུམ་སྡེ་ལ་ནས་ལྡི་ལི་བརྒྱུད་ཨུ་རི་སར་གཞིས་ཆགས་ཡོད་པ་དང་། སློབ་གྲྭ་རིམ་པར་འགྲིམས་ཏེ་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༧༥ ལོར་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ཁོངས་སུ་ཞུགས་ཀྱིིས། ཨུ་རི་ས་གཞིས་ཆགས་ཀྱི་སྐད་དྲུང་གནང་། དེའི་རྗེས་དྷ་རམ་ས་ལར་གནས་སྤོར་གྱིས་ཕྱི་ལོ་༡༩༧༩ ལོ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་བོད་མིའི་གཞིས་ཆགས་ཁག་གཙོས་བོད་མིར་རོགས་སྐྱོར་གྱི་ལས་གཞིའི་ཐོག་ལོ་ལྔ་ཡས་མས་ཤིག་རིང་སྲི་ཞུ་བསྒྲུབས། དེ་ནས་ལོ་ངོ་ ༤ རིང་ཀུ་ལུ་མ་ན་ལིའི་ས་གནས་བདེ་དོན་འགན་འཛིན་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༤ བར་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་གནང་།  ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་ཨ་རིར་འཛིན་སྐྱོང་དོ་དམ་བྱེད་ཕྱོགས་སྐོར་ལ་སློབ་སྦྱོང་རྗེས་། ཕྱི་ལོ་ ༡༩༩༥ ནས་༡༩༩༨ བར་ལོ་ ༤ རིང་ལ་དྭགས་ལྷོ་བྱང་གཞིས་སྤྱིའི་ལས་འགན་འཁུར་ཏེ། ས་མཐོ་ཚད་ཧྥི་ཊི་(Feet)སྟོང་ཕྲག་ ༡༡ ལྷག་བརྐོས་ཏེ་ས་འོག་ནས་ཆུ་འདྲེན་པ་དང་། ལ་དྭགས་འབྲོག་པ་མང་ཚོགས་ལ་བ་ཕྱུགས་འཚོ་སྐྱོང་གི་སྦྱོང་བརྡར་སོགས་སྤྲད་གནང་སྟེ་ས་གནས་མི་མང་གི་དཀའ་ངལ་ཆེ་ཤོས་ཁག་ཅིག་སེལ་ཐུབ།

ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྦེང་ལོར་ལྷོ་སྤྱིའི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ནས་ ༢༠༠༢ བར་བོད་གཞུང་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་གནང་སྟེ་རྒྱལ་ཁབ་ ༥ ནང་གསར་དུ་སྐོར་སྐྱོད་ཀྱིས་རིག་གཞུང་འཁྲབ་སྟོན་བྱས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༣ བར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ བར་ཚོགས་དྲུང་ལས་འཕར། ཕྱི་ལོ་ ༢༠༠༤ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཕྱི་ལོ ༢༠༠༥ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ། ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༣ བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་རྗེས། ཁྲིམས་ཞིབ་པ་གཞན་དུ་འདེམས་ཐོན་བྱུང་། ཁོང་གིས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ནང་ཁྱོན་ལོ་ངོ་ ༤༣ རིང་ཞབས་ཞུས་ཏེ་ཞབས་ལོ་མང་ཤོས་ཀྱི་གྲས་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༡༤

Leave a Reply

3 thoughts on “ཁྲིམས་ཞིབ་པ་ངག་དབང་ཆོས་གྲཊ་ལཊ་ཀྱིས་རྒས་ཡོལ་ཞུས།

  1. གསར་འགོད་པ་ལགས་ཁྲིམས་ཞིབ་པ་ཁོང་རྒས་ཡོལ་སྔ་སྣུར་གྱིས་ཞུ་དགོས་དོན་གང་ཡིན་མ་་དྲིས་པ་གང་ཡིན་ན། .

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ད་ལྟའི་ཆ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་
    ག་ཚོད་ལ་དཔྱད་ཁྲ་གཏོང་རྒྱུ་ལྷག་ཡོད་དམ་?