པཱ་ཀི་སི་ཐན་གྱིས་རྒྱ་མི་ ༨ འཛིན་བཟུང་བྱས།

འདས་ལོ་ནས་ད་ལྟའི་བར་པཱ་ཀི་སི་ཐན་ནང་གནས་སྡོད་བྱས་ཡོད་པའི་ཁྱོན་རྒྱ་མི་ ༢༠ ལྷག་གིས་རྐུན་ཇག་བརྒྱབས་པ་དང་ནག་ཚོང་བྱས་པ་སོགས་ཀྱིས་འཛིན་བཟུང་བྱས་ཡོད་འདུག

ཁ་སང་རྒྱ་ནག་ནས་རྒྱ་མི་ ༨ ཀྱིས་མེ་མདའ་འཁྱེར་ཏེ་པཱ་ཀི་སི་ཐན་གྱི་ཤར་ཕྱོགས་མངའ་སྡེ་པན་ཇབ་ནང་ཡོད་པའི་པཱ་ཀི་སི་ཐན་གྱི་རང་བྱུང་ནུས་ཤུགས་མཁོ་འདོན་བྱེད་ཡུལ་ལྟེ་བའི་ཕྱོགས་སུ་འགྲོ་ཐབས་བྱེད་སྐབས། པཱ་ཀི་སི་ཐན་གྱི་དམག་མིས་ཞིབ་བཤེར་བྱས་པ་བརྒྱུད་རླངས་འཁོར་ནང་མཚོན་ཆ་ཡོད་པ་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་པ་དང་། འདྲི་གཅོད་བྱེད་སྐབས་སོ་སོའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྐོར་བརྗོད་ཡོད་འདུག

ས་གནས་ཉེན་རྟོག་དཔོན་པོ་རྫ་ཧྥར་ཨིག་བྷལ་(Zafar Iqbal)གྱིས། ང་ཚོས་སྰ་ཧི་ཝལ་(Sahiwal)དུ་ཡོད་པའི་ཁ་ཌི་ར་བྷ་ཌི་(Qadirabad)རང་བྱུང་ནུས་ཤུགས་མཁོ་འདོན་ལྟེ་གནས་ཀྱི་ཉེ་འཁྲིས་ཞིབ་བཤེར་ས་ཚིགས་ནས་སྔོག་བཤེར་བྱེད་སྐབས། རྒྱ་མི་དེ་ཚོས་རླངས་འཁོར་ནང་མི་མང་སྡེབ་གསོད་བྱེད་པའི་རྫས་འགྱུར་དང་། མེ་མདའ་རིང་ཐུང་མི་འདྲ་བ་ཁག་ཅིག་བཅས་འཁྱེར་ཡོད་པ་ཤེས་རྟོགས་བྱུང་བས་ཞིབ་འཇུག་བྱེད་བཞིན་ཡོད། ཅེས་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་རྒྱ་སྐྱེད་ཡོང་ཆེད་པཱ་ཀི་སི་ཐན་ནང་རྒྱ་མི་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ་ལྟར། ད་ལྟའི་ཆར་པཱ་ཀི་སི་ཐན་དུ་རྒྱ་མི་ཁྱོན་ཁྲི་ ༣ ལྷག་ཡོད་པ་དང་། ཁོ་ཚོ་མང་ཆེ་བ་ཚོང་པ་དང་འཛུགས་སྐྲུན་སོགས་ཀྱི་ལས་གཉེར་བ་རྐྱང་ཡིན་འདུག འོན་ཀྱང་། རྒྱ་རིགས་ཚོ་ཕྱི་ཕྱོགས་སུ་ཅི་ཙམ་ཕྱིན་པ་དེ་ཚོད་ཀྱིས་ཁོ་ཚོའི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག

ན་ནིང་ཕྱི་ཟླ་ ༡༢ པའི་ནང་པཱ་ཀི་སི་ཐན་གྱི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཡོངས་ཁྱབ་ཉེན་བརྡ་ཞིག་བཏང་སྟེ། པཱ་ཀི་སི་ཐན་དུ་གནས་སྡོད་རྒྱ་མིའི་ཚོགས་སྡེ་ཁག་ལ་འཇབ་རྒོལ་ཐེབས་སྲིད་པར་དོགས་གཟོན་བྱ་དགོས་སྐོར་བརྗོད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་པཱ་ཀི་སི་ཐན་གྱི་བྷོལ་ཇི་སི་ཐན་(Baluchistan)མངའ་སྡེའི་ནང་། རྒྱ་རིགས་འཆར་འགོད་པ་ཁག་ཅིག་རླངས་འཁོར་ནང་དུ་འགྲོ་བཞིན་ཡོད་སྐབས་གློ་བུར་དུ་འགད་རྫས་དྲག་རྒོལ་ཐེབས་ཏེ། རྒྱ་མི་ ༣ དང་སྐོར་སྲུང་བ་ ༣ བཅས་ཁྱོན་མི་ ༦ ལ་རྨས་སྐྱོན་ཕོག་ཡོད་པ་རེད།

དྲག་རྒོལ་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ནའང་།  དྲག་རྒོལ་དེ་ནི་བྷོལ་ཇི་བཅིངས་གྲོལ་དམག་མི་སྟེ་མངའ་སྡེ་དེར་གནས་པའི་ཁ་ཆེ་ཕྱོགས་ཁག་ཅིག་གིས་གོ་སྒྲིག་བྱས་པ་ཡིན་ལུགས་ཡོངས་བསྒྲགས་བྱས་པ་མ་ཟད། ན་ནིང་ནས་བཟུང་བྷོལ་ཇི་བཅིངས་གྲོལ་དམག་མི་ཞེས་པའི་ཚོགས་པ་དེས་རྒྱ་ནག་གཞུང་གིས་བདག་བཟུང་འོག་ཡོད་པའི་ཁ་ཆེ་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་མཚམས་འཇོག་གིས་མངའ་ཁུལ་དེར་རང་དབང་སྤྲོད་དགོས་སྐོར་སོགས་བཤད་དེ་རྒྱ་ནག་གཞུང་ལ་འཇིགས་སྐུལ་ཆེན་པོ་བྱས་ཡོད་འདུག

ན་ནིང་ཕྱི་ཟླ་ ༩ པའི་ནང་པཱ་ཀི་སི་ཐན་དུ་ཡོད་པའི་འཇིགས་སྐུལ་ཚོགས་པ་ཨ་ཡེ་ཨེ་སི་(IS)ཡིས་རྒྱ་རིགས་དགེ་རྒན་གཉིས་བཙན་འཁྲིད་བྱས་ཏེ་མཐར་དམར་གསོད་བཏང་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ན་ནིང་ལོ་མཇུག ནས་འདི་ལོའི་བར་པཱ་ཀི་སི་ཐན་གཞུང་གིས་ཁྱོན་རྒྱ་མི་ ༢༠ ལྷག་ཙམ་ཞིག་གིས་རྐུན་ཇག་དང་ནག་ཚོང་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཏང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༡༣

Leave a Reply

One thought on “པཱ་ཀི་སི་ཐན་གྱིས་རྒྱ་མི་ ༨ འཛིན་བཟུང་བྱས།