བོད་ཀྱི་བང་སོ་སྔོག་འདོན།

རྒྱ་ནག་གཞུང་གིས་བོད་མངའ་རིས་རྩ་མདའ་རྫོང་ཁོངས་ནས་ལོ་ངོ་༢༠༠༠ གི་ལོ་རྒྱུས་ཡོད་པའི་གནའ་བོའི་བང་སོ་ ༡༠ ལྷག་སྔོག་བཞིན་ཡོད་འདུག

དེ་རིང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་མངའ་རིས་རྩ་མདའ་རྫོང་སྲིད་གཞུང་གིས་་མདའ་རྫོང་ཁོངས་ནས་གསར་དུ་རྙེད་ཅིང་། ལོ་ངོ་༢༠༠༠ གི་ལོ་རྒྱུས་ཡོད་པའི་གནའ་བོའི་བང་སོ་ ༡༠ ལྷག་སྔོན་འདོན་བྱེད་བཞིན་ཡོད་པ་དང་། བང་སོ་སྔོག་འདོན་བྱེད་སྐབས་གནའ་བོའི་རྫ་ཆས་དང་ཤེལ་ཕྲེང་སོགས་རིག་དངོས་རྩ་ཆེན་ཁག་ཅིག་ས་འོག་ནས་ཐོན་ཡོད་སྐོར་བརྗོད་འདུག

མངའ་རིས་བང་སོའི་སྐོར་ལ་འབྲེལ་ཡོད་ཅིག་གིས། གནའ་བོའི་བང་སོ་གཉིས་ནི་བོད་ལྗོངས་མངའ་རིས་རྩ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་ཆུ་སྟོད་དང་ཆུ་སྐེད་ཀྱི་ས་ཁོངས་སུ་ཡོད་པ་དང་། མངའ་རིས་ཀྱི་རྨང་གཞི་འཛུགས་པའི་ཨར་ལས་བཟོ་སྐྲུན་ཁང་གཉིས་ཀྱིས་རྩ་མདའ་རྫོང་ཁོངས་ཀྱི་བང་སོ་དེ་དག་རྙེད་དེ་གོང་རིམ་རིག་དངོས་ཚན་པར་སྙན་སེང་ཞུས་རྗེས། ཕྱི་ལོ་༢༠༡༧ ལོའི་ལོ་མཇུག་ཏུ་རྩ་མདའ་རྫོང་རིག་དངོས་ཁང་གིས་ལས་དོན་མི་སྣ་སྔ་རྗེས་སུ་ཡུལ་གཉིས་ཀར་ཕྱིན་ཏེ། དུས་ཡུན་ཟླ་གཉིས་ལ་ཉེ་བའི་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་སྲུང་སྐྱོང་གི་ལས་ཀ་བསྒྲུབས་ཡོད་སྐོར་བརྗོད་འདུག

རྩ་མདའ་རྫོང་རིག་དངོས་ཁང་གི་མགོ་འཁྲིད་བློ་བསྟན་གྱིས།  ས་ཆ་གཉིས་ནས་རྫ་ཆས་དང་། ཟངས་ཆས། ཤེལ་ཕྲེང་། གསེར་ཆས་སོགས་ཅ་དངོས་ ༦༠ ལྷག་ཐོན་ཡོད། ཆེད་ལས་མཁས་པས་ཡུལ་དངོས་ཀྱི་གནའ་བོའི་བང་སོའི་བཟོ་དབྱིབས་དང་སྔོག་འདོན་བྱས་པའི་ཅ་དངོས་ལ་གཞིགས་ན། ད་ཐེངས་ཀྱི་བང་སོ་དང་རིག་དངོས་དེ་དག་ནི་དེ་སྔོན་མངའ་རིས་ས་ཁོངས་ནས་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ཤིང་། ད་བར་ལོ་ངོ་༢༠༠༠ཙམ་ཡོད་པའི་བང་སོའི་རིག་གནས་ཀྱི་དུས་རབས་དང་ཐག་ཉེ་པོ་རེད། ཅེས་བརྗོད་ཡོད་འདུག

བོད་རང་སྐྱོང་ལྗོངས་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས། ད་ཐེངས་གསར་དུ་རྙེད་པའི་བང་སོ་འདི་དག་མངའ་རིས་ལ་རྒྱུས་ལོན་དང་ལྷག་པར་དུ་གླང་ཆེན་ཁ་འབབ་ཆུ་རྒྱུད་ཀྱི་ལྟེ་བ་བྱེད་པའི་ནུབ་རྒྱུད་མངའ་རིས་ཀྱི་སྔ་མའི་ཤེས་རིག་འཕེལ་རིམ་ལ་ཅ་དངོས་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས་མུ་མཐུད་དུ་ཐེངས་འདིར་གསར་དུ་རྙེད་པའི་གནའ་རྫས་དཔྱད་གཞི་དག་ལ་འཆར་གཞི་ཡོད་པའི་སྒོ་ནས་ཚན་རིག་དང་མཐུན་པའི་སྔོག་འདོན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

རྩ་མདའ་རྫོང་ནི་བོད་ལྗོངས་མངའ་རིས་ས་ཁུལ་ལྷོ་ཕྱོགས་ཀྱི་གླང་ཆེན་ཁ་འབབ་ཀྱི་ཆུ་རྒྱུད་དུ་གནས་ཡོད་ཅིང་། ཆ་སྙོམ་ས་བབ་མཐོ་ཚད་སྨི་༤༠༠༠ ཡས་མས་ཡིན་ལ། དེའི་ཁོངས་སུ་ས་གཤིས་སྤྱི་གླིང་གྲགས་ཆེན་རྩ་མདའི་དྲུ་རོང་དང་གུ་གེའི་གནའ་ཤུལ། མཐོ་ལྡིང་དགོན་སོགས་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༣

Leave a Reply

One thought on “བོད་ཀྱི་བང་སོ་སྔོག་འདོན།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
    མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་རྒན་བློ་།