རྒྱ་ནག་གིས་ཕྱི་རྒྱལ་གྱི་ཤོག་དངུལ་མང་པོ་དཔར་གྱི་འདུག

རྒྱ་ནག་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཞིག་གིས་རྒྱལ་ཁབ་ཅིག་གི་ཤོག་དངུལ་རྒྱལ་ཁབ་གཞན་ཞིག་གི་ནང་དཔར་རྒྱུ་ནི་རྡུལ་ཕྲན་མཚོན་ཆ་བཟོས་པ་ལས་ཀྱང་ཉེན་ཁ་ཆེ་བ་ཡོད་སྐོར་བརྗོད་འདུག

དེ་རིང་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཆ་འཕྲིན་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་ཤོག་དངུལ་དཔར་མགོ་བརྩམས་ཏེ། རིམ་གྱིས་དཔར་གྲངས་མང་དུ་གཏོང་བཞིན་ཡོད་པའི་རྐྱེན་གྱིས་ཤོག་དངུལ་གྱི་རྒྱུ་ཆའི་ཐོན་ཁུངས་ཆེ་ཤོས་ཧི་པེ་ཞིང་ཆེན་ནང་གློག་ཤུགས་ཀྱིས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་ནག་དཔལ་འབྱོར་དུས་དེབ་ (China Finance) ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཤོག་དངུལ་པར་སྐྲུན་ཁང་གི་འགན་འཛིན་ལོའུ་ཀེ་ཧྲིན་(Liu Guisheng) གྱིས། སྤྱིར་རྒྱ་ནག་གིས་ཕྱི་རྒྱལ་གྱི་ཤོག་དངུལ་པར་གྱི་མེད་ན་ཡང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མགོ་བཙུགས་ནས་ལོ་གཉིས་ཀྱི་རྗེས། ཐེངས་དང་པོར་བལ་ཡུལ་གྱི་ཤོག་དངུལ་ ༡༠༠ ཐམ་པ་ཅན་དཔར་མགོ་ཚུགས་ཡོད་པ་དང་། དེ་ནས་རིམ་གྱིས་ཐའེ་ལན་ཊི་དང་བྷང་ལ་ཌེ་ཤི། སིང་གྷ་ལ། མ་ལེ་ཞི་ཡ། རྒྱ་གར། སྤིར་ཛིལ། དེ་བཞིན་ཕོ་ལན་ཌི་བཅས་ཀྱི་ཤོག་དངུལ་དཔར་མགོ་བརྩམས་ཡོད་པ་དང་། རྒྱ་ནག་གི་ཁེ་ལས་ཁང་འགས་རྒྱ་ནག་ནང་ལོགས་ནས་རྒྱལ་ཁབ་གཞན་མང་པོའི་ཤོག་དངུལ་དཔར་གྱི་ཡོད་ཀྱང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ནང་དོན་མེད་ཀྱི་རྩོད་གླེང་མི་ཡོང་ཆེད་སྦ་གསང་བྱེད་བཞིན་ཡོད་ལུགས་བརྗོད་འདུག

ཤོག་དངུལ་རྒྱལ་ཁབ་གཞན་ནང་དཔར་བའི་ཐད་རྒྱ་ནག་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཧོ་ཤིན་ཏའོ་ (Hu Xingdou) ཡིས། རྒྱལ་ཁབ་གཞན་ཞིག་གིས་རྒྱ་ནག་ནང་ཤོག་དངུལ་དཔར་རྒྱུར་རྒྱ་ནག་ལ་ངེས་པར་དུ་ཡིད་ཆེས་ངེས་ཅན་ཞིག་དགོས་པ་རེད། དེ་ནི་རྡུལ་ཕྲན་མཚོན་ཆ་ལས་ཀྱང་ཉེན་ཁ་ཆེ་བ་རེད། དཔེར་ན་རྒྱ་ནག་གིས་ཤོག་དངུལ་རྫུན་མ་དཔར་ཏེ་རྒྱལ་ཁབ་དེའི་སྤྱི་ཚོགས་ནང་བཀྲམས་པ་ཡིན་ན། རྒྱལ་ཁབ་དེའི་དཔལ་འབྱོར་གྱི་སྒྲོམ་གཞི་ལ་འཁྲུག་སྐྱོན་ཤོར་ཉེན་ཡོད་པ་རེད། ཅེས་བརྗོད་འདུག

ཤོག་དངུལ་དཔར་པའི་བརྒྱུད་རིམ་ནི་ཧ་ཅང་རྙོག་འཛིང་ལྡན་ལ་འགྲོ་གྲོན་ཆེ་རྐྱེན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་རྒྱལ་ཁབ་དེའི་ཤོག་དངུལ་ཆ་ཚང་དཔར་ཐུབ་ཀྱི་མེད་འདུག ཤོག་དངུལ་ནང་གི་རས་སྐུད་དང་ཟངས་སྐུད། འབུར་གཟུགས་སུ་ཡོད་པའི་སྣག་གཙེག་རི་མོ་རྣམས་ནི་ཧ་ཅང་ཚད་ལྡན་ཞིག་ཡིན་དགོས་པ་མ་ཟད། ཆུ་སོགས་རླན་གཤེར་གྱི་རིགས་ལ་སྦང་ཡང་ཚོན་མི་དག་པ་སོགས་ཀྱི་དམིགས་བསལ་ལག་རྩལ་བཏོན་ཏེ། ཚོགས་པའམ་མི་སྒེར་སུ་གང་གིས་ཀྱང་གཅིག་མཚུངས་བཟོ་སྐྲུན་མི་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་དངུལ་ལས་ཁང་ (China Banknote Printing and Minting Corporation) ལ་ཁྱོན་ལས་མི་ ༢༥༠༠ ཙམ་ལས་མེད་ཀྱང་། གློ་བུར་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་མཉམ་ཞུགས་བྱས་ཡོད་པའི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ཤོག་དངུལ་དཔར་བའི་ཆོག་མཆན་སྤྲད་རྗེས། དངུལ་ལས་ཁང་གི་ལས་མི་ ༡༨༠༠༠ ལ་སྤར་ཏེ་འཛམ་གླིང་ནང་ཤོག་དངུལ་དཔར་མཁན་ལས་མི་མང་ཤོས་དེ་ཆགས་ཡོད་འདུག སྤྱིར་རྒྱ་ནག་གི་ཤོག་དངུལ་དཔར་སྐྲུན་ལག་རྩལ་ནུབ་ཕྱོགས་དང་བསྡུར་ཐབས་མེད་ནའང་། རྒྱ་ནག་ནི་ཤོག་དངུལ་གྱི་ངོས་གཉི་ཀར་འབུར་གཟུགས་རི་མོ་འགོད་ཐུབ་མཁན་གཅིག་པུ་དེ་ཡིན་འདུག ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་ཤོག་དངུལ་དཔར་སྐྲུན་གྱི་ཉམས་ཞིབ་པ་ཚོས་ཤོག་དངུལ་གྱི་བདེ་སྲུང་མ་ལག་རྣམས་འཐུས་ཇེ་ཚང་གིས་རིན་གོང་ཆུང་ཆུང་ངང་དཔར་སྐྲུན་བྱེད་ཐུབ་པའི་ལག་རྩལ་གསར་གཏོད་བྱས་ཡོད་སྟབས། རྒྱལ་ཁབ་ཀྱི་ནུས་པ་མཐོར་འདེགས་དང་མི་མང་ལ་འཚོ་བ་གསར་པ་བསྐྲུན་པའི་རྒྱལ་སྤྱིའི་ཆེད་བསྟོད་གཟེངས་རྟགས་ (ColorDance) ཐོབ་ཡོད་འདུག

རྒྱ་ནག་གི་ཤོག་དངུལ་གྱི་རྒྱུ་ཆའི་ཐོན་ཁུངས་ཆེ་ཤོས་ཧི་པེ་ཞིང་ཆེན་གྱི་ཤོག་དངུལ་བཟོ་ལས་ཁང་ཨང་ ༦༠༤ ཡི་ལས་མི་ཞིག་གིས། ཁོང་ཚོའི་འཕྲུལ་ཆས་རྣམས་ཉིན་དང་ཟླ་མཐུད་ནས་ལས་ཀ་བྱེད་བཞིན་ཡོད་ན་ཡང་། ད་སྐབས་ཤོག་དངུལ་མང་པོ་བཟོ་སྐྲུན་བྱ་རྒྱུའི་ལས་ཀ་རག་པར་བརྟེན་མུ་མཐུད་དཔར་རྒྱུར་དཀའ་ངལ་ཡོད་པ་དང་། ཤོག་བུ་བཟོ་བར་རླངས་པ་ཤུགས་ཆེན་དགོས་པས། རླངས་པ་འདོན་པར་ཞིང་ཆེན་དེའི་གློག་ཤུགས་ཀྱིས་འདང་གི་མེད་སྐོར་བརྗོད་འདུག

རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་སུ་ཆེས་ཐོག་མར་ཤོག་དངུལ་དཔར་སྐྲུན་བྱས་ཡོད་ཀྱང་། འདས་པའི་དུས་རབས་གཅིག་ལྷག་ཙམ་གྱི་སྔོན་ནས་བཟུང་འཛམ་གླིང་གི་ཤོག་དངུལ་མང་ཆེ་བ་ནུབ་ཕྱོགས་ཀྱི་བཟོ་སྐྲུན་ཁང་ཁག་གིས་དཔར་གྱི་ཡོད་པ་དང་། དབྱིན་ཡུལ་དུ་ཡོད་པའི་དངུལ་ལས་ཁང་ཌི་ལཱ་རུའུ་ (De La Rue) ཡིས་འཛམ་གླིང་རྒྱལ་ཁབ་ ༡༤༠ ལྷག་གི་ཤོག་དངུལ་དཔར་གྱི་ཡོད་འདུག་ལ། འཇན་མན་ནང་གི་དངུལ་ལས་ཁང་ (Giesecke & Devrient) ཡིས་རྒྱལ་ཁབ་ ༦༠ ཙམ་གྱི་ཤོག་དངུལ་དཔར་བཞིན་ཡོད་པ་དང་། དེ་བཞིན་ཨ་རིའི་དངུལ་ལས་ཁང་ (Crane Currency) ལ་ལོ་ངོ་ ༢༡༧ རིང་ཤོག་དངུལ་བཟོ་ཚོང་བྱས་པའི་ཉམས་མྱོང་ཡོད་འདུག

ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དབང་ཤུགས་སྤེལ་ཐབས་སུ་གནའ་བོའི་དར་སྐུད་ཚོང་ལམ་མིག་དཔེར་བཟུང་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མགོ་བཙུགས་ཏེ། ཨེ་ཤ་ཡ་དང་ཡུ་རོབ། ཨ་ཧྥི་རི་ཀ་གླིང་ཕྲན་བཅས་ཀྱི་རྒྱལ་ཁབ་ ༦༠ ལྷག་གིས་ལས་གཞི་དེར་མཉམ་ཞུགས་བྱས་པ་བརྒྱུད། པཱ་ཀི་སི་ཐན་གྱི་གྲུ་ཁ་ཆེན་པོ་ཞིག་ནས་མཚོ་ལམ་བཏོད་པ་དང་། ལྕགས་ལམ་གྱིས་ཡུ་རོབ་ཀྱི་རྒྱལ་ཁབ་འགའ་བརྒྱུད་དེ་རྒྱ་ནག་ནས་དབྱིན་ཡུལ་བར་གཏུག་པའི་ལས་གཞི་མགོ་འཛུགས་བྱས་ཏེ། འཛམ་གླིང་ནང་རྒྱ་ནག་གི་དབང་ཤུགས་སྔར་ལྷག་རྒྱས་ཀྱི་ཡོད་པ་དང་། རྒྱ་གར་ལྟ་བུའི་རྒྱ་ནག་གི་ཁྱིམ་མཚེས་སམ་ཡང་ན་ཁ་གཏད་དུ་གྱུར་བའི་རྒྱལ་ཁབ་མང་པོ་ཞིག་ལ་སེམས་འཚབ་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། དཔལ་འབྱོར་ཐོག་ནས་རྒྱ་ནག་དང་མཉམ་ལས་མི་བྱེད་ཐབས་མེད་ཅིག་ཏུའང་འགྱུར་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༣

Leave a Reply