བོད་མི་ཞིག་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ།

བོད་རིགས་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ལགས་སུ་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེ་ཤོས་ཀྱི་གྲས་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ཡོད་འདུག

ཁ་སང་བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་ཁང་གིས་སྐབས་༧ པའི་ལུའུ་ཞུན་བྱ་དགའ་ཐོབ་མཁན་གྱི་མཚན་གཞུང་ཕྱིར་བསྒྲགས་བྱས་ཡོད་པ་དང་། བོད་རིགས་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ཡི་བརྩམས་ཆོས་<<ཤ་མོའི་ར་བ>>དང་<<དབྱར་རྩྭ་དགུན་འབུ་རྐང་གསུམ>>ཞེས་པ་གཉིས་ལ་བརྩམས་སྒྲུང་འབྲིང་གྲས་ཀྱི་ལུའུ་ཞུན་བྱ་དགའ་ཐོབ་ཡོད་འདུག ཁོང་ནི་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེ་ཤོས་བཞིའི་གྲས་མའོ་ཏུན་རྩོམ་རིག་བྱ་དགའ་(茅盾)དང་ལུའུ་ཞུན་རྩོམ་རིག་བྱ་དགའ་གཉིས་ཐོབ་མཁན་བོད་རིགས་དང་པོ་དེ་ཡིན་འདུག

བྱ་དགའ་ཐོབ་པའི་ཨ་ལའེ་ཡི་བརྩམས་སྒྲུང་<<ཤ་མོའི་ར་བ>>ནང་དུ། བོད་རིགས་གཞོན་ནུ་མ་སྲིད་འཇོམས་ཞེས་པ་ཞིག་ཕྱིའི་བར་ཆད་གང་མང་ལ་ཐུག་ཀྱང་མོས་སྔ་ཕྱི་བར་གསུམ་དུ་གྲགས་འགུལ་གང་ཡང་མེད་པར་དངོས་པོ་ཕུན་སུམ་ཚོགས་པའི་གནས་མཆོག་ཞིག་བརྟན་སྲུང་བྱས་ཏེ། རང་གི་རུས་གསེང་དུ་འཐིམས་པའི་དགའ་ཞེན་མཚོན་དུ་བཅུག་ཡོད་འདུག <<དབྱར་རྩྭ་དགུན་འབུ་རྐང་གསུམ>>ཞེས་པའི་ནང་བོད་རིགས་སློབ་ཆུང་སློབ་མ་སངས་རྒྱས་ཞེས་པ་ཞིག་གིས་དབྱར་རྩྭ་དགུན་འབུའི་དུས་ཚིགས་ཀྱི་གཏམ་རྒྱུད་བཤད་ཡོད་ཅིང་། བརྩམས་སྒྲུང་ཧྲིལ་པོར་བརྩེ་སེམས་ཀྱིས་ཕྱུག་པ་དང་། དེང་རབས་སྤྱི་ཚོགས་ཀྱི་མི་དང་རང་བྱུང་ཁམས་བར་གྱི་གཏིང་ཟབ་པའི་འབྲེལ་བ་མཚོན་ཐབས་བྱས་ཡོད་འདུག

རྒྱ་ནག་གི་ལུའུ་ཞུན་ (鲁迅) རྩོམ་རིག་བྱ་དགའ་དང་ལའོ་ཧྲི་ (老舍) རྩོམ་རིག་བྱ་དགའ། མའོ་ཏུན་ (茅盾) རྩོམ་རིག་བྱ་དགའ། ཚའོ་ཡུས་ (曹禺) འཁྲབ་གཞུང་རྩོམ་རིག་བྱ་དགའ་བཅས་ལ་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེན་པོ་བཞི་རུ་འབོད་ཀྱི་ཡོད་འདུག ཕྱི་ལོ་ ༡༩༨༦ ལོ་ནས་ལུའུ་ཞུན་རྩོམ་རིག་བྱ་དགའ་མགོ་འཛུགས་བྱས་ཏེ་བརྩམས་སྒྲུང་ཐུང་བ་དང་འབྲིང་བ། སྙན་ངག་བྱ་དགའ། རྩོམ་རིག་བསྒྱུར་རྩོམ་བྱ་དགའ། འབོལ་རྩོམ་བྱ་དགའ། རྩོམ་རིག་དཔྱད་རྩོམ་བྱ་དགའ། གནས་ཞུའི་རྩོམ་རིག་བྱ་དགའ་བཅས་བྱ་དགའ་རིགས་བདུན་དུ་དབྱེ་ཡོད་པ་དང་། ད་ལན་བྱ་དགའ་ཐོབ་མཁན་བརྩམས་ཆོས་ ༣༤ ཡོད་པ་དང་། བརྩམས་ཆོས་རེ་རེ་ཤོག་ངོས་ ༥ ལས་མ་བརྒལ་བ་ཡིན་འདུག

བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ནི་ཕྱི་ལོ་ ༡༩༥༩ ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ཏུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་སྙན་རྩོམ་འབྲི་མགོ་བརྩམས་ཏེ་ལོ་ཤས་འགོར་རྗེས་སྒྲུང་རྩོམ་འབྲི་མགོ་བཙུགས་ཡོད་འདུག ཁོང་གི་སྙན་རྩོམ་གྲགས་ཆེ་ཤོས་ནི་<<ཟླ་འོད་འོག་གི་གསེར་བཟོ་བ>>དང་<<ཁྲག་གི་ལོ་ཟླ>>་སོགས་དང་། སྒྲུང་རྩོམ་གྲགས་ཆེ་ཤོས་ནི་<<རྡུལ་འཚུབ་དྭངས་སོང>>་དང་<<གེ་སར་རྒྱལ་པོ>> <<རི་སྟོང>>སོགས་བརྩམས་ཆོས་ཧ་ཅང་མང་པོ་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་ཁོང་གི་བརྩམས་སྒྲུང་རིང་གྲས་རྡུལ་འཚུབ་དྭངས་སོང་ཞེས་པར་སྐབས་ལྔ་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་སྟེ། ད་བར་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་གཞོན་ཤོས་དང་། སི་ཁྲོན་ཞིང་ཆེན་ནང་ལུའུ་ཞུན་དང་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་དང་པོ་དེའང་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༤

Leave a Reply

2 thoughts on “བོད་མི་ཞིག་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ།