སྔོན་བྱོན་མི་སྣར་རྗེས་དྲན་གྱི་བགྲོ་གླེང་ཚོཊ།

བོད་ཀྱི་ཆོས་དང་རིག་གཞུང་ནི་རླུང་འཚུབ་ནང་གི་མར་མེ་བཞིན་ག་དུས་ཉམས་རྒྱུ་དང་ཆད་རྒྱུ་ཡིན་མིན་མི་ཤེས་པའི་གནས་སྟངས་ཤིག་གི་འོག་ལྷག་ཡོད་པས་ཧ་ཅང་ཛ་དྲག་པོ་ཆགས་འདུག་ཟེར།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་རིག་གནས་སློབ་གསོའི་ཐོག་མཛད་རྗེས་ཆེ་བའི་སྔོན་བྱོན་མི་སྣར་རྗེས་དྲན་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་གྱི་བགྲོ་གླེང་ཞིག་མགོ་འཛུགས་བྱས་སོང་བ་དང་། བགྲོ་གླེང་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་སློབ་གཉེར་ཁང་དེའི་དབུ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༠༠ ཙམ་འཛོམས་འདུག

ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་སྐོར་གཏམ་བཤད་གནང་སྐབས། སྤྱིར་བཙན་བྱོལ་ནང་མཁས་དབང་མང་པོ་ཡོད་རེད་དེ། ང་ཚོས་ཁོང་ཚོ་ཡོད་པ་ཤེས་པ་ཙམ་ལས། ཁོང་ཚོས་སྐུ་ལས་ག་ཚོད་བསྐྱོན་ཡོད་མེད་ཤེས་རྟོགས་ཡོད་པ་མ་རེད། ཁོང་ཚོའི་མཛད་འཕྲིན་ཤེས་མཁན་ཧ་ཅང་དཀོན་པོ་ཡིན་པར་བསམ་སྟེ། ང་ཚོ་ས་རཱ་གཞོན་ནུ་རུ་ཁག་གིས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་འདས་ཟིན་པའི་མཁས་དབང་རྣམས་ལ་རྗེས་དྲན་ཞུ་རྒྱུ་དང་། སྐུ་འཚོ་བཞུགས་ཡོད་པའི་མཁས་དབང་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་ཆེད་ད་ལོའི་བརྗོད་གཞི་དེ་བདམས་པ་ཡིན། ཅེས་བརྗོད་སོང་།

དེའི་རྗེས་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་སློབ་གཉེར་ཁང་དེ་ངོ་སྤྲོད་གནང་དོན། ཕྱི་ལོ་ ༡༩༧༣ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་རྒན་དམ་པ་བློ་བཟང་རྒྱ་མཚོ་ལགས་ཀྱི་དགོངས་གཞི་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་ཐོབ་སྟེ། སློབ་མ་ཉུང་ཤས་ཤིག་བསྡུ་རུབ་བྱས་ནས་གནས་སྟངས་སྐྱོ་བོ་ཞིག་གི་ངང་ནས་མགོ་འཛུགས་གནང་ཡོད་པ་དང་། བར་སྐབས་སྤྱི་ཚོགས་ནང་དགེ་རྒན་སོགས་འདང་ངེས་པ་ཞིག་མེད་རྐྱེན་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་མགོ་འཛུགས་བྱས་པ་དང་། ཕྱིས་སུ་ས་རཱ་ཞེས་པའི་ས་ཆ་དེ་ཉོས་ནས་མཐོ་སློབ་བརྒྱབས་ནས་རིམ་གྱིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་མཉམ་དུ་གན་རྒྱ་བཞག་སྟེ། ད་ལྟ་སློབ་གཉེར་ཁང་གཉིས་བར་ལས་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྐོར་དང་། ད་བར་མཐོ་སློབ་དེ་ནས་ཁྱོན་སློབ་ཕྲུག་ ༥༠༠ ཙམ་ཐོན་ནས་དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་སོགས་སུ་ལས་ཀ་བྱེད་བཞིན་ཡོད་པ་དང་། དེ་བཞིན་མཐོ་སློབ་དེར་ད་ལྟ་རྒྱལ་ཁབ་ཁག་ ༡༤ ཙམ་གྱི་སློབ་མས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྦྱོང་བཞིན་ཡོད་སྐོར་བརྗོད་སོང་།

མཛད་སྒོ་གྲོལ་མཚམས་བགྲོ་གླེང་གི་ལས་རིམ་མགོ་འཛུགས་ཀྱིས་སྨན་རི་གླིང་གི་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་༧སྨན་རི་ཁྲི་འཛིན་མཆོག་གི་མཛད་པའི་སྐོར་ནས་གཏམ་བཤད་དང་དྲི་བ་དྲི་ལན་གནང་ཡོད་པ་དང་། ཉིན་རྒྱབ་ཏུ་ས་རཱ་མཐོ་སློབ་ཀྱི་དགེ་བཤེས་ངག་དབང་རྣམ་གྲོལ་ལགས་ཀྱིས་༧རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ཀྱི་མཛད་རྣམ་དང་། སྦི་རི་ཤེས་རབ་གླིང་གི་མཁན་པོ་ཚེ་དབང་ཉི་མ་ལགས་ཀྱིས་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་རིག་པའི་རྡོ་རྗེ་མཆོག་གི་མཛད་རྣམ་དང་། ནོར་གླིང་སྒྲོལ་མ་གླིང་གི་མཁན་པོ་འགྱུར་མེད་རྡོ་རྗེ་ལགས་ཀྱིས་༧མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་མཛད་རྣམ་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་གི་ཡོད་འདུག

ཉིན་གཉིས་པར་ས་རཱ་མཐོ་སློབ་གྱི་ཀྱི་སློབ་དཔོན་བགྲེས་པ་ཚེ་དབང་སྟོབས་ལགས་ཀྱིས་རྩིས་དཔོན་ཞ་སྒབ་པའི་སྐུ་ཚེའི་ལོ་རྒྱུས་དང་། ཝ་ན་མཐོ་སློབ་ཀྱི་འབུམ་རམས་པ་རབ་གླིང་བློ་བཟང་རྡོ་རྗེ་ལགས་ཀྱིས་མཁས་དབང་ཐུབ་བསྟན་མཆོག་གྲུབ་ལགས་ཀྱི་མཛད་རྣམ། ཝ་ན་མཐོ་སློབ་ཀྱི་འབུམ་རམས་པ་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་བརྡ་སྤྲོད་པའི་མཁས་དབང་འགོས་པདྨ་རྒྱལ་མཚན་ལགས་ཀྱི་སྐུ་ཚེའི་མཛད་རྣམ། ནོར་གླིང་ཉམས་ཞིབ་པ་འབྲོག་རུ་ཆོས་དར་ལགས་ཀྱིས་རྟེན་བཞེངས་བ་ཆེན་མོ་གསུམ་གྱི་སྐུ་ཚེའི་ངོ་སྤྲོད། ས་རཱ་རིག་སློབ་ཀྱི་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་མཁས་དབང་བློ་བཟང་རྒྱ་མཚོ་ལགས་ཀྱི་མཛད་རྣམ་ཐོག་གཏམ་བཤད་གནང་རྒྱུ་དང་། ཉིན་གསུམ་པར་ས་རཱ་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ནས་མཁས་དབང་རག་ར་རིན་པོ་ཆེ་མཆོག་ཐུབ་བསྟན་ཆོས་དར་ལགས་ཀྱི་མཛད་རྣམ་དང་། ཏྰ་ལའི་བླ་མ་མཐོ་སློབ་ཀྱི་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ནས་མཁས་དབང་བར་གཞི་ཕུན་ཚོགས་དབང་རྒྱལ་མཆོག་གི་མཛད་རྣམ། རྣམ་གློལ་གླིང་གི་མཁན་པོ་པདྨ་བཀྲིས་ལགས་ཀྱིས་པད་ནོར་རིན་པོ་ཆེ་མཆོག་གི་མཛད་རྣམ་ཐོག་གཏམ་བཤད་གནང་འཆར་ཡོད་འདུག

གསར་འགོད་པས་གཞོན་ནུ་རུ་ཁག་གི་ཚོགས་གཞོན་དར་རྒྱས་ལགས་ལ་བཙན་བྱོལ་ནང་གི་མཁས་དབང་རྣམས་ཀྱི་མཛད་རྗེས་ལ་བགྲོ་གླེང་བྱ་རྒྱུ་དེ་ཅི་ཙམ་གྱིས་གལ་ཆེན་པོ་ཆགས་ཡོད་སྐོར་དྲིས་པར་ཁོང་གིས། དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན། བོད་ཀྱི་ཆོས་དང་རིག་གཞུང་ནི་རླུང་འཚུབ་ནང་གི་མར་མེ་བཞིན་ག་དུས་ཉམས་རྒྱུ་དང་ཆད་རྒྱུ་ཡིན་མིན་མི་ཤེས་པའི་གནས་སྟངས་ཤིག་གི་འོག་ལྷག་ཡོད་པས་ཧ་ཅང་ཛ་དྲག་པོ་ཞིག་ཆགས་ཡོད་པ་རེད། བོད་ནང་ལ་ཆ་བཞག་ན། བོད་ཀྱི་རིག་གནས་ཐོག་ལ་བདག་སྐྱོང་དང་གཅེས་འཛིན་བྱ་རྒྱུའི་འདུན་པ་ཡོད་ན་ཡང་།  ལུས་པོས་ལྕོགས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། རྒྱ་དམར་པོའི་དམ་དྲག་རྐྱེན་གྱིས་ཤུགས་བསྐྱོན་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནི་རང་དབང་གི་རྒྱལ་ཁབ་དང་ཁྱད་ཡོད་པ་མ་རེད་དེ། སྤྱི་ཚོགས་ནང་ལྟ་དུས་ད་ལྟའི་ཆར་དམིགས་བསལ་གྱིས་བོད་ཀྱི་རིག་གནས་ཐོག་སྐུ་ལས་སྐྱོན་མཁན་དཀོན་པོ་མཐོང་གི་འདུག དེ་བས་ཁོང་ཚོས་མི་ཚེ་ཧྲིལ་པོ་བློས་གཏོང་གིས་སྐུ་ལས་སྐྱོན་དུས་དེར་ཐུགས་རྗེ་ལེགས་འབུལ་ལྟ་བུ་ཞིག་ང་ཚོས་མ་ཞུས་ན་གཞན་ཕྱི་རྒྱལ་ཚོས་མི་བྱེད་པས། ང་ཚོས་བརྗོད་གཞི་འདི་བདམས་པ་ཡིན། ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༦

Leave a Reply

One thought on “སྔོན་བྱོན་མི་སྣར་རྗེས་དྲན་གྱི་བགྲོ་གླེང་ཚོཊ།