ནང་བསྟན་མཐུན་ཚོཊ་ཀྱི་ཚོཊ་གཙོ་གསར་དུ་བསྐོས།

རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག་མཁན་པོ་ཡན་ཅེ་ཞེས་པ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་གནས་སྐབས་རིང་བསྐོ་བཞག་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ནང་བསྟན་མཐུན་ཚོགས་སྐབས་༩ པའི་ཚོགས་འདུ་ཐེངས་༣ པ་པེ་ཅིན་དུ་ཚོགས་ཡོད་པ་དང་། སྤྱིར་བཏང་ཚོགས་ཞུགས་པ་ ༤༠༢ ཡོད་པའི་ནང་ནས་མི་ ༣༡༧ དངོས་སུ་ཚོགས་འདུར་ཞུགས་ཡོད་འདུག ཉེ་སྔོན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཤེ་ཁྲིན་གྱིས་བཙན་གཡེམ་ལོག་སྤྱོད་བྱས་པའི་གླེང་རྙོག་ཆེན་པོ་བྱུང་ཡོད་པ་ལྟར། ཚོགས་འདུའི་ཐོག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་ཚབ་ཏུ་ཚོགས་གཞོན་ཡན་ཅེ་(Yanjue)གནས་སྐབས་རིང་བསྐོ་བཞག་བྱས་ཏེ། ཧྲི་ཤེ་ཁྲིན་གྱིས་དགོངས་པ་ཞུ་དགོས་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་གིས་གཞུང་འབྲེལ་དྲ་ངོས་སུ། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཤེ་ཁྲིན་དང་འབྲེལ་བའི་ཞུ་གཏུག་གནད་དོན་ལ་ང་ཚོས་དོ་འཁུར་གཏིང་ཟབ་བྱས་པ་བརྒྱུད། ང་ཚོས་ཞུ་གཏུག་གི་རྒྱུ་ཆ་རག་སོང་བ་མ་ཟད། ཞིབ་འཇུག་གི་བྱ་བ་མགོ་འཛུགས་བྱས་ཟིན་ཡོད། ཅེས་བསྒྲགས་ཡོད་པ་རེད།

ཧྲིན་ཐོ་ཉིན་རེའི་གསར་ཤོག་(Singtao Daily Newspapare) གིས་གནས་ཚུལ་སྤེལ་བ་ལྟར་ན། མཁན་པོ་ཧྲི་ཤེ་ཁྲིན་ཧྥའུ་ཀྲུའུ་གྲོང་འཁྱེར་གྱི་རང་ཁྱིམ་དུ་བཀག་ཉར་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་གོ་ཧྲི་ཞེས་པ་ཞིག་གིས་ཤེ་ཁྲིན་གྱིས་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་པ་དེ་ཁོའི་ཚུལ་ཁྲིམས་ཉམས་པའི་རྐྱེན་གྱིས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཐེངས་འདིའི་ནང་བསྟན་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་ཏང་དང་སྲིད་གཞུང་གི་སྣེ་འཁྲིད་བརྟན་པོའི་འོག་རྒྱལ་ཁབ་དང་། ནང་བསྟན་ཆོས་ལུགས། མང་ཚོགས་བཅས་ལ་འགན་འཁུར་གྱི་འདུ་ཤེས་དང་ཡིད་ཆེས་སྔར་ལྷག་ལྡན་ཞིང་། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློར་ཤུགས་གནོན་བྱས་ཏེ། རྒྱ་ནག་ནང་བསྟན་ལ་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་འཛུགས་བསྐྲུན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་གུང་གོའི་འདུན་མ་མངོན་འགྱུར་ཡོང་ཐབས་སུ་འབད་དགོས་སྐོར་སོགས་བསྒྲགས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝུ་ཁེ་མེན་ཞེས་པ་ཞིག་གིས། རྒྱ་ནག་གི་ནང་པའི་དགོན་པ་མང་པོས་ཆོས་ཉམས་ལེན་མི་བྱེད་པར་སྒོར་མོ་ཇི་ལྟར་གསོག་དགོས་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ངས་འདས་པའི་ལོ་༡༠ དང་༢༠  ནང་རྒྱ་ནག་གི་ནང་པའི་དགོན་པ་མང་པོས་དཔལ་འབྱོར་འཚོལ་སྒྲུབ་ཐུབ་མཁན་གྱི་མི་སྣ་མང་པོ་བདག་བཟུང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན།  པེ་ཅིན་ལོང་ཆན་དགོན་པའི་བཙུན་མ་ཧྲི་ཤན་ཇ་(Shi Xianjia)དང་ཧྲི་ཤན་ཆེ་(Shi xianqi) ཞེས་པ་གཉིས་ཀྱིས་ཤོག་གྲངས་༩༥ཡོད་པའི་གཏུག་ཡིག་ཅིག་སྲིད་གཞུང་ལ་ཕུལ་ཏེ།  ལོང་ཆན་དགོན་པའི་མཁན་པོ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཤེ་ཁྲིན(Shi Xuecheng)གྱིས། ཉུང་མཐར་ཡང་བཙུན་མ་ ༦ ལ་མགོ་སྐོར་བཙན་གཡེམ་བྱས་སྐོར་ཞུ་གཏུག་རིམ་པ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཁན་པོས་ནག་ཉེས་ངོས་ལེན་བྱས་མེད་ཚུལ་ཙམ་བརྗོད་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་རིགས་ནག་གསུབ་བཏང་བ་སོགས་གོ་མེད་ཚོར་མེད་དུ་གཏོང་ཐབས་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་རྒྱལ་སྤྱིའི་ཐོག་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད།

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༦

Leave a Reply