བོད་ཀྱི་གྲོཊ་པོ་རླབས་ཆེན་ཞིག་སྐུ་གྲོངས།

ཁ་སང་རྒྱ་གར་གྱི་སྲིད་བློན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་མཆོག་སྙུང་གཞིའི་རྐྱེན་གྱིས་དགུང་གྲངས་ ༩༣ ཐོག་རྒྱལ་ས་ལྡི་ལི་རུ་སྐུ་གྲོངས་ཡོད་འདུགཁ་སང་ཕྱི་དྲོའི་ཆུ་ཚོད་ ༥།༠༥ སྟེང་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ། རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་(Atal Bihari Vajpayee) མཆོག་ཡུན་རིང་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་པ་དང་། ད་ལྟ་དགུང་ལོ་ ༩༣ ཡིན་འདུག བོད་ཀྱི་གྲོགས་པོ་ཁོང་སྐུ་གྲོངས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་སྲས་མོ་(Smt Namita Bhattacharya) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། དམ་པ་ཁོང་ནི་ཕན་སེམས་ལྡན་པའི་དོན་དངོས་ཀྱི་ཆབ་སྲིད་པ་ཞིག་ཡིན་ཞེས་་གསུངས་འདུག

དེ་ཡང་༧གོང་ས་མཆོག་གི་གསུང་འཕྲིན་ནང་། ཁོང་དང་ངོ་ཤེས་སུ་གྱུར་བར་ངོས་རང་ཧ་ཅང་དགའ་པོ་བྱུང་ལ། ཁོང་གི་གྲོགས་པོར་གྱུར་བ་གཟི་བརྗིད་ཅིག་ཏུ་བརྩི་ཡི་ཡོད། ཅེས་དང་། ངེད་གཉིས་དམ་པ་ཁོང་གི་ཕྱག་ལས་གནང་སྐབས་ཐུག་འཕྲད་བྱས་པ་མ་ཟད། ཁོང་གིས་རྒས་ཡོལ་ཞུས་ཚར་རྗེས་ཀྱང་མུ་མཐུད་ཁོང་གི་ཁྱིམ་དུ་མཇལ་གྱི་ཡོད། ཅེས་འཁོད་འདུགཡང་གསུང་འཕྲིན་ནང་། དམ་པ་ཁོང་ནི་ཕན་སེམས་ལྡན་པའི་དོན་དངོས་ཀྱི་ཆབ་སྲིད་པ་ཞིག་ཡིན་ལ། ཁོང་དགོངས་པ་རྫོགས་པ་ནི་རྒྱལ་ཁབ་ཀྱི་དབུ་འཁྲིད་རླབས་ཆེན་ཞིག་མེད་པ་ཆགས་པ་རེད། ཁོང་གིས་ལྔ་བཅུ་ང་གྲངས་ཀྱི་མཇུག་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་གནང་སྟེ། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནངདགོས་པའི་སྐུལ་སློང་གནང་ཡོད་པ་རེད།  ཅེས་གསུངས་པ་དང་འབྲེལ། དམ་པ་ཁོང་གི་ཤུལ་ལུས་ནང་མི་གཉེན་ཉེ་དང་ཕྱག་རོགས་རྣམ་པ་བཅས་འབྲེལ་ཡོད་ཚང་མར་ཐུགས་གསོ་མཛད་འདུག

དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་སྒེར་གྱི་སྤྱི་ཚོགས་དྲ་གནས་ཊི་ཝེ་ཊིར་སྟེང་དུ། སྲིད་བློན་ཟུར་པ་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་(Atal Bihari Vajpayee) མཆོག་ནི་རྒྱ་གར་སྲིད་དོན་གྱི་གནད་ཡོད་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ་དང་། བོད་དོན་ཆེད་འབོད་སྒྲ་སྒྲོག་མཁན་ཤུགས་ཆེ་ཤོས་ཤིག་ཀྱང་ཡིན་སྟབས། དམ་པ་ཁོང་སྐུ་གྲོངས་པ་དེར་བློ་ཕམ་ཆེན་པོ་བྱུང་། ཞེས་གསུངས་འདུག

སྲིད་བློན་མུ་དྷི་མཆོག་གིས་དམ་པ་ཁོང་འདས་གྲོངས་སུ་ཕྱིན་པ་ནི་དུས་ཚོད་ཞིག་ལ་རྫོགས་ཚིག་བཀོད་པ་རེད་ལ། ཁོང་སྐུ་གྲོངས་པ་ནི་ངའི་པ་ལགས་སྐུ་གྲོངས་པ་ལྟ་བུའི་ཚོར་སྣང་བྱུང་།  ཁོང་བཞུད་སོང་བའི་ཤུལ་དེ་སུས་ཀྱང་སྐོང་ཐུབ་ཐབས་ཡོད་པ་མ་རེད། ཁོང་གི་རླབས་ཆེན་གྱི་དགོངས་པ་ཡུན་རིང་གནས་ཤིང་ཁོང་གིས་རྒྱལ་ཁབ་ལ་བཅིངས་བའི་རྨི་ལམ་དེ་ང་ཚོས་མངོན་འགྱུར་བྱ་རྒྱུ་ཡིན། ཞེས་བཀོད་འདུག

ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་བློན་ཐེངས་ ༣ ཙམ་གནང་མྱོང་ཡོད་པ་དང་། རྒྱ་གར་གྲོས་ཚོགས་ནང་མི་ལོ་ ༤༠ ཙམ་ལ་ཕྱག་ལས་གནང་མྱོང་ཡོད་འདུག ཕྱི་ལོ་ ༢༠༠༩ ལོར་སྐུ་གཟུགས་གནས་སྟངས་ཡག་པོ་མེད་རྐྱེན་རྒས་ཡོལ་ཞུས་ཡོད་འདུག ཕྱི་ལོ་ ༡༩༧༩ ལོར་རྒྱ་གར་གྱི་མི་མང་ཆབ་སྲིད་ཚོགས་པ་ (Janata Party) འཐོར་ཞིག་ཏུ་སོང་རྗེས། ཕྱི་ལོ་ ༡༩༨༠ ལོར་དམ་པ་ཁོང་གིས་ཆབ་སྲིད་ཚོགས་པ་དེར་བསྒྱུར་བཅོས་ཀྱིས་བྷི་ཇཱ་པི་ཆབ་སྲིད་ཚོགས་པ་ (Bharatiya Janata Party) གསར་འཛུགས་གནང་།

ཕྱི་ལོ་ ༡༩༩༨ ལོར་དམ་པ་ཁོང་སྲིད་བློན་དུ་ཐེངས་གཉིས་པར་འོས་འདེམས་བྱུང་ཏེ་ཟླ་གཅིག་གི་རྗེས་པོག་རན་ (Pokhran-II) རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ། རྒྱ་གར་གྱི་བདེ་སྲུང་དང་མཁའ་དབྱིངས་ཀྱི་མིས་བཟོས་འཁོར་སྐར་སོགས་བཟོ་སྐྲུན་ལ་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དཀའ་རྙོག་ཞི་འཇམ་དུ་སོང་སྟེ་འཆམ་མཐུན་ཡོང་ཆེད་རྒྱལ་ས་གཉིས་བར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་གི་ཞི་བའི་ཆིངས་ཡིག་བཞག དེ་བཞིན་རྒྱལ་ཡོངས་ཀྱི་གཞུང་ལམ་རྣམས་གསེར་མདོག་གི་ཟུར་བཞི་མ་ཟེར་བའི་ལས་གཞིའི་འོག་གཞུང་ལམ་མཐུད་མཚམས་གཅིག་གིས་རྒྱ་གར་གྱི་གྲོང་འཁྱེར་ཆེ་ཁག་ཡོངས་མཐུད་དེ་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་ཡོད་འདུག ཕྱི་ལོ་ ༢༠༡༥ ལོར་ཁོང་ལ་རྒྱ་གར་གཞུང་གི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) ཐོབ་ཡོད་པ་དང་། སྲིད་བློན་མུ་དྷི་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་དམ་པ་ཁོང་གི་འཁྲུངས་སྐར་དེ་སྲི་ཞུ་བཟང་བོའི་ཉིན་ལ་གཏན་འབེབ་གྱིས་སྲུང་གཙི་གནང་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༡༨

Leave a Reply

One thought on “བོད་ཀྱི་གྲོཊ་པོ་རླབས་ཆེན་ཞིག་སྐུ་གྲོངས།

  1. སྲས་སྐུ་ངོ་།

    སྲིད་བློན་ཟུར་་བ་ཁོང་་བོད་ཀྱི་རླབས་ཆེན་གྲོགས་པོ་ཡིན་པའི་རྒྱུ་མཚན་ཤོད་ཅིག ཁོང་གི་བོད་ཀྱི་གནད་དོན་སྒང་ལ་རླབས་ཆེན་ལས་ཀ་ག་རེ་གནང་ཡོད་་དམ། ་