གནའ་རྫས་དཔྱད་ཞིབ་སྡེ་ཁག་ཅིག་བོད་དུ་བསྐྱོད།

བོད་རྒྱའི་གནའ་རྫས་རིག་པའི་ཆེད་མཁས་པ་ ༣༠ ལྷག་གིས་གྲུབ་པའི་དཔྱད་ཞིབ་སྡེ་ཁག་གསར་པ་ཞིག་བོད་ཁུལ་དུ་ཆེད་གཏོང་གིས་མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་རིག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུགཁ་སང་ཕྱི་ཚེས་༡༦ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གནའ་རྫས་དཔྱད་ཞིབ་རིག་པའི་སྡེ་ཁག་ཅིག་བོད་ཀྱི་ནུབ་ཕྱོགས་ཁུལ་ཏུ་གདོད་མའི་ཤུལ་ལྷག་རིག་དངོས་འཚོལ་ཞིབ་བྱེད་པར་ཆེད་དུ་བསྐྱོད་ཡོད་པ་དང་། ཐེངས་འདིའི་གནའ་རྫས་དཔྱད་ཞིབ་རིག་པའི་སྡེ་ཁག་ནང་ཆེད་ལས་ཞིབ་འཇུག་པ་༣༠ ལྷག་ཡོད་འདུག

ད་ལན་བོད་ནུབ་ཁུལ་དུ་ཆེད་གཏོང་བྱས་པའི་གནའ་རྫས་དཔྱད་ཞིབ་ཚན་པ་དེ་ནི་བོད་ཁུལ་གྱི་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་སྡེ་ཁག རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་སྡེ་ཁག སི་ཁྲོན་སློབ་ཆེན་གྱི་ལོ་རྒྱུས་དང་རིག་གནས་སློབ་གླིང་། ཧྲན་ཞིར་ཡོད་པའི་ནུབ་བྱང་སློབ་ཆེན་སོགས་ནས་ཡོང་བའི་ཆེད་ལས་བ་རྐྱང་རྐྱང་ཡིན་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༤༥༠༠ སར་ཡོད་པའི་བོད་མངའ་རིས་ས་ཁུལ་དུ་ཁོང་ཚོས་གཙོ་བོ་ཡིག་རྙིང་དང་སྐད་བརྡ་རིག་པ། ཆོས་ལུགས། མི་རྒྱུད་བྱུང་རབས་སོགས་ཀྱི་ཐོག་ནས་ད་ལྟའི་མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་རིག་དང་། ལྷག་པར་དུ་ཞང་ཞུང་ཤེས་རིག་སྐོར་ལ་ཉམས་ཞིབ་བྱ་རྒྱུ་ཡིན་འདུག

བོད་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་པ་ཤ་ཁ་ཝན་ཏུའུ་(Shaka Wandu) ཟེར་བ་ཞིག་གིས། ཞིབ་འཇུག་གི་ལས་གཞི་རྒྱ་ཆེན་པོ་འདིའི་ཐོག་མའི་རིགས་ཚན་ནི་མཚོ་བོད་མཐོ་སྒང་གི་གནའ་བོའི་ཤེས་རིག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། ང་ཚོས་མདོ་དབུས་མཐོ་སྒང་གི་ས་དཔྱད་རིག་པ་གཞི་རྒྱ་ཆེ་རུ་གཏང་ནས་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་། ལྷག་པར་དུ་ཞང་ཞུང་རིག་གནས་ཤེས་རྟོགས་འབྱུང་བར་ཕན་ཐོགས་བསྐྲུན་རྒྱུ་ཡིན། ཐེངས་སྔོན་མའི་ཞིབ་འཇུག་གི་ལས་གཞི་དེས་བོད་དང་ཨེ་ཤ་ཡ་ལྷོ་དབུས་ཁུལ་གྱི་ཡུལ་ལུང་མང་པོའི་བར་ཤེས་རིག་བརྗེ་ལེན་གཞི་རྒྱ་ཆེན་པོ་ཡོད་པ་བསྟན་ཡོད་པ་རེད། ཅེས་བརྗོད་འདུག

ཧྲན་ཞི་ས་དཔྱད་སྡེ་ཁག་གི་སློབ་དཔོན་ཆེན་མོ་ཀྲང་ཅན་ལེན་(Zhang Jianlin) ཞེས་པ་ཞིག་གིས། ང་ཚོ་མང་པོ་ཞིག་གིས་བོད་ཀྱི་དུར་སྦེད་ཆོ་ག་དེ་གཙོ་བོ་བྱ་དོར་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ང་ཚོས་གནའ་རབས་ཀྱི་ཐུན་མོང་གི་བང་སོ་མང་པོ་ཞིག་གསར་རྙེད་བྱུང་ཡོད་པ་དང་། བང་སོ་དེ་དག་ནི་ཕྱི་ལོ་སྔོན་གྱི་ལོ་༡༥༠༠ དང་དུས་རབས་༤ པའི་བར་མཚམས་སུ་བྱུང་ཞིང་། དོང་དང་བྲག་ཕུག་ནང་དུ་རྡོ་དང་ཤིང་བརྩིགས་ནས་བཟོས་འདུག ཅེས་བརྗོད་འདུག

ཤ་ཁ་ཝན་ཏུའུ་ཡིས་བོད་ཀྱི་གནམ་གཤིས་ཧ་ཅང་རྩུབ་པས་རྟོག་ཞིབ་ཀྱི་ཡུལ་ངོས་ལ་ཡང་ཡང་བསྐྱོད་ཐུབ་མེད་སྟབས། བོད་ཀྱི་གནའ་བོའི་ཤུལ་རྫས་རྣམས་ལ་གཅེས་སྤྲས་ཐུབ་མེད་པ་རེད། འདས་པའི་དུས་རབས་མང་པོར་ས་གཤིས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པས། མངའ་རིས་ནས་བང་སོ་འཚོལ་ཞིབ་བྱེད་པ་ནི་ཧ་ཅང་ཁག་པོ་ཞིག་རེད། ང་ཚོས་མངའ་རིས་རྩ་མདའ་རྫོང་ཁོངས་ཀྱི་ཤུལ་རྫས་ཆ་ཚང་རྙེད་གསོན་ཐུབ་པར་ལོ་ངོ་མང་པོ་དགོས་ཀྱི་འདུག ཅེས་དང་། གལ་སྲིད་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་མ་བྱུང་ཚེ་འདི་ལོའི་ཕྱི་ཟླ་༩ བར་དུ་གནའ་རྫས་དཔྱད་ཞིབ་སྡེ་ཁག་འདིས་འཚོལ་ཞིབ་ཀྱི་ལས་ཀ་བྱ་འཆར་ཡོད་འདུག

འདས་པའི་ལོ་༢༠ ནང་མངའ་རིས་ཕྱོགས་ནས་བང་སོ་ ༢༤ ལྷག་རྙེད་ཡོད་པ་དང་། བང་སོ་དེ་དག་གི་ཁྲོད་ནས་ལི་མ་དང་གསེར། ཤིང་སོགས་ཀྱིས་གྲུབ་པའི་གནའ་བོའི་ལག་རྩལ་ཐོན་རྫས་མང་པོ་རྙེད་སོན་བྱུང་ཡོད་པ་མ་ཟད། དུས་རབས་གཉིས་པའི་སྐབས་ཀྱི་གསེར་གྱི་གདོང་འབག་ཅིག་དང་། དུས་རབས་གསུམ་པའི་དར་གོས་དང་ཇ་ལོ་དུམ་བུ་འགའ་ཡང་རྙེད་ཡོད་འདུག དངོས་རྫས་དེ་དག་གིས་བོད་གནའ་རབས་ཀྱི་འཚོ་བའི་རྣམ་པ་དང་ཐོན་སྐྱེད་ཀྱི་རང་བཞིན། རིག་གནས་དང་སྤྱི་ཚོགས་བརྗེ་ལེན་སོགས་ཀྱི་གནས་སྟངས་གསལ་བོར་བསྟན་ཡོད་སྐོར་བརྗོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༧

Leave a Reply