བོད་ནང་དྲག་ཆས་བཀོལ་སྤྱོད་ཀྱི་དམག་སྦྱོང་བྱེད་ཀྱི་འདུག

རྒྱ་ནག་བཅིངས་གྲོལ་དམག་གིས་མེ་སྒྱོགས་དང་མེ་ཤུགས་འཕུར་མདེལ་སོགས་བོད་མཐོ་སྒང་དུ་དབོར་འདྲེན་བྱས་ཏེ་དྲག་ཆས་བཀོལ་སྤྱོད་ཀྱི་སྦྱོང་བརྡར་བྱེད་བཞིན་ཡོད་འདུགཁ་སང་ཕྱི་ཚེས་༡༧ ཉིན་དཔལ་འབྱོར་དུས་བབ་དང་རྒྱ་ནག་ཤིན་ལང་(Sina)གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་བཅིངས་གྲོལ་དམག་གིས་རླངས་འཁོར་བརྒྱ་ལྷག་ནང་མི་མེད་གནམ་གྲུ་དང་། མེ་ཤུགས་འཕུར་མདེལ། མེ་སྒྱོགས་རིགས་མི་འདྲ་བ་ ༡༢༢ ལྷག་མཐོ་བོད་མཐོ་སྒང་དུ་དབོར་འདྲེན་བྱས་ཏེ། བོད་མཐོ་སྒང་དུ་དྲག་ཆས་དང་མི་མེད་འཐབ་འཛིང་གནམ་གྲུའི་ (Digital Combat Unit)  བཀོལ་སྤྱོད་སྦྱོང་བརྡར་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་དམག་དོན་ཆེད་མཁས་པ་ཚོས་གནམ་ས་གཉིས་ཀྱི་དམག་ཤུགས་ཆེ་རུ་གཏང་སྟེ་རྒྱལ་ཁབ་ཀྱི་རྨི་ལམ་མངོན་འགྱུར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དམག་སྦྱོང་དེའི་སྐོར་ལ་པེ་ཅིན་གྱི་དམག་དོན་ཆེད་མཁས་པ་དང་བརྙན་འཕྲིན་མདོ་འཛིན་པ་སོང་ཀྲོང་ཕེན་(Song Zhongping) གྱིས། དམག་སྦྱོང་དེས་གཙོ་བོ་ཁོར་ཡུག་ཕུན་སུམ་ཚོགས་པོ་འདི་ནས་མི་མེད་འཐབ་འཛིང་གནམ་གྲུ་ལ་ཚོད་ལྟ་ཆ་ཚང་ཞིག་བྱེད་ཀྱི་ཡོད་པ་དང་། མི་མེད་འཐབ་འཛིང་གནམ་གྲུ་དངོས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་འདིས་ཉེ་འཁོར་གྱི་རྒྱལ་ཁབ་གང་རུང་ཞིག་ལ་དམིགས་འབེན་འཛིན་གྱི་ཡོད་པ་ཞིག་མ་རེད། ཡིན་ན་ཡང་། རྒྱ་ནག་གི་གནམ་ས་གཉིས་ནས་དམག་ཤུགས་ཆེར་གཏོང་ཐབས་གཞི་རྒྱ་ཆེན་པོ་ཞིག་དང་། ང་ཚོས་མུ་མཐུད་དུ་ས་འདི་ནས་དམག་སྦྱོང་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་བཅིངས་གྲོལ་དམག་གི་གཞུང་འབྲེལ་དྲ་ལམ་ཏུ་གནས་ཚུལ་སྤེལ་བ་ལྟར་ན། མཚོ་བོད་མཐོ་སྒང་དུ་ཡོད་པའི་དམག་གི་རྟེན་གཞི་ཚང་མར་གྲང་ལྷགས་འགོག་པའི་ཚད་མཐོ་བའི་ཚན་རྩལ་དམག་གི་སྡོད་ཁང་དང་། དབྱང་རླུང་ལྟེ་གནས་འཛུགས་བསྐྲུན་བྱས་ཏེ་བོད་ཀྱི་ས་བབ་དང་གནམ་གཤིས་གྲང་མོར་ཁ་གཏད་གཅོད་པར་གྲ་སྒྲིག་ཆ་ཚང་བྱས་ཡོད་སྐོར་བསྒྲགས་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༡༨

Leave a Reply