གྷོ་གྷལ་གྱི་ལས་བཟོ་བས་ངོ་རྒོལ་བྱས།

གྷོ་གྷལ་ཚོང་གཉེར་ཁང་གིས་རྒྱ་ནག་གཞུང་གི་དགོས་མཁོ་ལྟར་འཚོལ་བཤེར་མ་ལག་གསར་བཟོ་བྱས་པ་དེར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གྷོ་གྷལ་གྱི་ལས་བཟོ་བ་མང་པོས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་འཚོལ་བཤེར་དྲ་རྒྱ་ཆེ་ཤོས་གྷོ་གྷལ་གྱིས་གསང་བའི་ཐོག་ནས་རྒྱ་ནག་གི་འདོད་པ་དང་མཐུན་པའི་གྷོ་གྷལ་འཚོལ་བཤེར་མ་ལག་ཅིག་བཟོ་བསྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་གྱར་རྗེས། ཁ་སང་གྷོ་གྷལ་ཀྱི་ལས་བཟོ་བ་ ༡༤༠༠ ཙམ་ནས་དབུས་སྤྱི་ཁྱབ་ཡིག་ཚང་དུ་ཞུ་ཡིག་ཕུལ་ཏེ། འཚོལ་བཤེར་མ་ལག་གི་ལས་གཞི་དེ་ལས་མི་ཚོར་ཁ་གསལ་བཟོ་དགོས་པ་མ་ཟད། གྷོ་གྷལ་གྱིས་ལས་ཀ་ཅི་ཞིག་བྱས་ནའང་ལས་མི་ཚོར་ཐག་གཅོད་ཀྱི་དབང་ཆ་སྤྲོད་དགོས་སྐོར་སོགས་བཤད་དེ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གྷོ་གྷལ་གྱི་ལས་བཟོ་བའི་ཞུ་ཡིག་ནང་། ད་ལྟའི་ཆར་གྷོ་གྷལ་གྱིས་ང་ཚོའི་མཉམ་རུབ་ཀྱི་ལས་ཀ་དང་། ལས་གཞི་སོགས་ཅི་བྱས་ཚང་མར་ཐག་གཅོད་ག་རེ་བླངས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་བཤད་མ་སོང་། ཞེས་བརྗོད་ཡོད་པ་དང་། གྷོ་གྷལ་གྱི་འཚོལ་བཤེར་མ་ལག་ནང་གཏན་འགོག་གི་གནད་དོན་ཡོད་པ་(Intercept)གསར་ཁང་གིས་ཐོག་མར་ཤེས་རྟོགས་བྱུང་སྟེ། གྷོ་གྷལ་གྱིས་རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བའི་ངོ་རྒོལ། དམངས་གཙོ། དེ་བཞིན་རྒྱ་ནག་ཏུ་བཀག་སྡོམ་བྱས་ཡོད་པའི་ལས་རིགས་ཚང་མ་ལྟ་མི་ཐུབ་པར་བཟོས་ཡོད་སྐོར་བསྒྲགས་ཡོད་པ་རེད།

གྷོ་གྷལ་དབུས་སྤྱི་ཁྱབ་ལས་ཁུངས་ནས་ད་ལྟའི་བར་གནད་དོན་དེའི་སྐོར་ལ་ལན་འདེབས་དམིགས་བསལ་བྱས་མེད་ཀྱང་། བརྒྱུད་ལམ་ཁག་ཏུ་རྒྱ་ནག་ལ་འཚོལ་བཤེར་མ་ལག་བཟོ་མཁན་ནི་གྷོ་གྷལ་གྱི་འཕྲུལ་རིག་ཆེད་མཁས་པ་ཉུང་ཤས་ཤིག་ཡིན་སྐོར་བརྗོད་ཀྱི་འདུག་ལ། གྷོ་གྷལ་ལས་བཟོ་བ་ཚོས་སོ་སོའི་བཟང་སྤྱོད་ཀྱི་ཚད་ཐིག་ལས་བརྒལ་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། གྷོ་གྷལ་གྱིས་རྒྱ་ནག་གཞུང་དང་ལྷན་དུ་མཉམ་ལས་བྱེད་དོན་ནི་རྒྱ་ནག་ལ་མི་འབོར་ཐེར་འབུམ་ ༡།༣ ལྷག་ཡོད་པའི་ཁར། འཛམ་གླིང་གི་དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་ཤོས་དེ་རྒྱ་ནག་ཏུ་ཡོད་སྟབས། རྒྱ་ནག་གི་དྲ་རྒྱའི་ཁྲོམ་རའི་ནང་གྷོ་གྷལ་ལ་ཁེ་བཟང་མང་པོ་ཞིག་ཐོབ་ཀྱི་ཡོད་པ་སོགས་ཡིན་སྐོར་བརྗོད་ཀྱི་འདུག

ན་ནིང་གྷོ་གྷལ་གིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་(Pentagon)དང་མཉམ་ལས་བྱས་ཏེ། དྲག་སྤྱོད་ཀྱི་ལས་རིགས་ངོས་འཛིན་བྱེད་ཐུབ་པའི་འཕྲུལ་ཆས་བཟོ་རྩིས་བྱས་པར་ལས་མི་མང་པོས་དེ་ནི་བཟང་སྤྱོད་དང་བརྒལ་བ་ཞིག་ཡིན་པའི་ངོ་རྒོལ་བྱས་ཏེ། མཐར་གྷོ་གྷལ་སྤྱི་ཁྱབ་ཡིག་ཚང་ནས་མ་འོངས་པར་མི་གཞན་ལ་གནོད་འཚེ་ཐེབས་པའི་འཕྲུལ་རིགས་མི་བཟོ་བའི་ཁས་ལེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་ནང་གྷོ་གྷལ་ལས་ཁུངས་ཐོག་མར་བཙུགས་ཏེ་ལོ་ ༡༠ རིང་རྒྱ་ནག་ལ་མཉམ་ལས་ཚོང་འབྲེལ་བྱས་ཡོད་ཀྱང་། ཕྱི་ལོ ༢༠༡༠ ལོར་རྒྱ་ནག་གཞུང་གི་བཀའ་རྒྱའི་འོག་རྒྱ་ནག་དང་ཧོང་ཀོང་དུ་ཡོད་པའི་གྷོ་གྷལ་ལས་ཁུངས་དང་འཚོལ་བཤེར་མ་ལག་ཡོངས་རྫོགས་སྒོ་རྒྱག་དགོས་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༡༨

Leave a Reply