མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཟུར་སྐུ་གྲོངས།

དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་དང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཀོ་ཧྥེ་ཨན་ནན་ལགས་དགུང་གྲངས་ ༨༠ ཐོག་སྐུ་གྲོངས་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  དེ་རིང་ཉིན་རྒྱབ་ས་གནས་ཀྱི་ཆུ་ཚོད་ ༣ ཡས་མས་སུ་སུད་སིའི་གྲོང་ཁྱེར་བྷར་(Bern)གྱི་སྨན་ཁང་ཞིག་ཏུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀོ་ཧྥི་ཨན་ནན་ལགས་དགུང་གྲངས་ ༨༠ སྟེང་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ཁོང་གི་བཟའ་ཟླ་ནཱ་ནཱ་(Nana)ལགས་དང་བྱིས་པ་ ༣ བཅས་འཛོམས་ཡོད་འདུག

དམ་པ་ཨན་ནན་ལགས་ཀྱི་ཐེབས་རྩ་ཁང་གིས་གསལ་བསྒྲགས་ནང་དུ།  དམ་པ་ཁོང་དུས་ཡུན་ཐུང་ཐུང་རིང་ནད་མནར་བྱུང་རྗེས་དེ་རིང་བདེ་བར་གཤེགས་སོང་བ་དང་། ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་སྤྱིའི་དཀའ་ངལ་ཁག་ལ་གདོང་ལེན་གྱིས་འཛམ་གླིང་ནང་དྲང་བདེན་དང་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་གནང་ཡོད། ཅེས་བརྗོད་ཡོད་པ་དང་། གསལ་བསྒྲགས་དེ་གནང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཨལ་ཧོ་སན་(Zeid Raad Al Hussein)ལགས་ཀྱིས་སྒེར་གྱི་ཊོ་ཝེ་ཊར་སྟེང་། སྐུ་ཞབས་ཀོ་ཧྥི་ཨན་ནན་ལགས་འདས་གྲོངས་སུ་ཕྱིན་པར་སྐྱོ་སྣང་ཚད་མེད་བྱུང་། ཞེས་དང་། དབྱིན་ཇིའི་སྲིད་བློན་ཐི་རི་ཟ་མེ་ལགས་ཀྱིས། སྐུ་ཞབས་ཨན་ནན་ལགས་འདས་གྲོངས་སུ་ཕྱིན་པར་སེམས་པ་ཧ་ཅང་སྐྱོ་བྱུང་། ཁོང་ནི་རླབས་ཆེ་བའི་དབུ་འཁྲིད་ཅིག་དང་མཉམ་འབྲེལ་རྒྱལ་ཚོགས་བཅོས་སྒྱུར་བྱེད་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་ལ་ཞབས་འདེགས་ཞུས་པ་ཉུང་ཉུང་མིན་སྟབས། ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་བརྗོད་འདུག

སྐུ་ཞབས་ཨན་ནན་ལགས་ནི་མི་རིགས་ནག་པོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཆགས་པ་ཐོག་མ་དེ་ཡིན་ཞིང་། ཁོང་གིས་རང་ཉིད་ཀྱི་སྐྱེས་ཡུལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གྷ་ནའི་ནང་བྱས་རྗེས་མང་པོ་བཞག་མྱོང་ཡོད་སྟབས། གྷ་ནའི་སྲིད་འཛིན་ན་ན་ཨ་ཁོ་ཧྥོ་(Nana Akufo-Addo)ལགས་ཀྱིས་ཡོངས་བསྒྲགས་བཀའ་ཁྱབ་བཏང་སྟེ། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་ནས་བདུན་ཕྲག་གཅིག་རིང་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་རྒྱལ་ཁབ་དེའི་གཞུང་ཚབ་ཁང་ཁག་ནས་སྐུ་ཞབས་ཨན་ནན་ལགས་སུ་མྱ་ངན་མཚོན་ཆེད་རྒྱལ་ཁབ་ཀྱི་རྒྱལ་དར་ཕྱེད་ཕབ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༨ ལོའི་ཟླ་ ༤ ཚེས་ ༨ ཉིན་ཨ་ཧྥེ་རི་ཁའི་ནུབ་ཕྱོགས་ཀྱི་གྷ་ན་རྒྱལ་ཁབ་ནང་གི་མཐོ་རིམ་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་ལ་་མཚེ་ཡ་བུ་མོ་ཞིག་ཀྱང་ཡོད་འདུག ཁོང་གིས་ཕྱི་ལོ་ ༡༩༩༧ ལོ་ནས་ ༢༠༠༦ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་ ༧ པའི་སྤྱི་ཁྱབ་དྲུང་ཆེ་ཡི་འགན་འཁུར་ཏེ། ཕྱི་ལོ་ ༢༠༠༡ ལོར་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་འགྲོ་བ་མིའི་ཐོང་ཐང་གི་གནད་དོན་གལ་ཆེ་ཤོས་སུ་བཟུང་ཡོད་པ་དང་། དེ་བཞིན་ཨ་ཧྥེ་རི་ཀའི་ནང་གཉན་ནད་རེག་དུག་སྔོན་འགོག་ལ་ཤུགས་གནོན་དང་། འཇིགས་སྐུལ་དྲག་སྤྱོད་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་གནང་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་དམ་པ་ཨན་ནན་གཉིས་མཐུན་མོང་ཐོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་འདུག

 

བསྐྱར་བཅོས།: ༢༠༡༨/༠༨/༡༨

Leave a Reply