སིམ་ལ་བོད་མིའི་གཞིས་ཆཊ་ལ་ཆར་ཆུའི་གནོད་སྐྱོན་ཐེབས།

སིམ་ལ་དབྱངས་ཅན་དགའ་ཚལ་གླིང་མཉམ་ལས་ཀྱི་བལ་ཐག་མཛོད་ཁང་དང་འཐག་ཁྲི་ཁང་ལ་ཆར་ཆུའི་གནོད་སྐྱོན་ཐེབས་ཏེ་ཧ་ལམ་ཧིན་སྒོར་འབུམ་ ༥ ཡས་མས་ཀྱི་གྱོང་གུད་བཟོས་འདུག

འདི་ལོར་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ཏུ་སྔར་དང་མི་འདྲ་བའི་ཆར་བ་ཤུགས་ཆེན་བབས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། འདི་གས་གསར་འགོད་པས་ས་གནས་སུ་འབྲེལ་བ་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གཞིས་ཆགས་ཀྱི་མཉམ་ལས་བལ་ཐག་མཛོད་ཁང་དང་འཐག་ཁྲི་ཁང་སོགས་ལ་ཆུ་ལོག་གིས་ཧ་ལམ་ཧིན་སྒོར་འབུམ་ ༥ ཡས་མས་ཀྱི་གྱོང་གུད་ཐེབས་པ་དང་། དེ་བཞིན་ས་གནས་དེར་བོད་མིའི་དུད་ཁྱིམ་ ༦༠ ལྷག་ཡོད་པ་རྣམས་ཀྱི་སྡོད་ཁང་དང་། དགོན་པའི་ཉེ་འགྲམ་གྱི་ས་རྣམས་ནུར་ནས་ཉེན་ཁ་ཆགས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སིམ་ལ་གཞིས་མགོ་བསྟན་འཛིན་ནོར་བུ་ལགས་སུ་མཉམ་ལས་ལ་ཆུ་སྐྱོན་བྱུང་བའི་གནས་སྟངས་སྐོར་དྲིས་པར་ཁོང་གིས། བལ་དང་འཐག་ཁྲིའི་གདན་མང་པོ་འཕྲོད་བརླག་ཏུ་ཕྱིན་སོང་། ཕྱི་ལོ་ ༡༩༠༡ ལོར་སིམ་ལར་ཆར་ཆུའི་འབབ་ཚད་མེ་ལི་མེ་ཊར་ ༣༠༧ བརྒྱབས་ཡོད་པ་རེད། དེ་ནས་ལོ་ངོ་ ༡༡༧ རྗེས་ཀྱི་ཆར་ཤུགས་ཆེ་ཤོས་ཤིག་ད་ལོ་ཆགས་ཡོད། ད་ལོར་ཆར་ཆུའི་འབབ་ཚད་མེ་ལི་མེ་ཊར་ ༢༠༠ ལྷག་བརྒྱབས་བཞག་འདུག ང་ཚོའི་བཟོ་གྲྭ་དེ་གཞུང་ལམ་འོག་ཏུ་ཡོད་པ་དང་། གཞུང་ལམ་སྟེང་འདམ་དང་རྡོ་ཡིས་ཆུ་ལམ་བཀག་སྟེ། ང་ཚོའི་བཟོ་གྲྭའི་ནང་ཆུ་ལོག་ནང་བཞིན་རྒྱུགས་པ་རེད། གཙོ་བོ་བཟོ་གྲྭའི་ནང་གི་བལ་ཐག་མཛོད་ཁང་ནང་ཆུས་ཁེངས་ཏེ་བལ་མང་པོ་འཕྲོ་བརླག་ཏུ་ཕྱིན་ཡོད་པ་དང་། ང་ཚོས་བཟོ་བཞིན་པའི་འཐག་ཁྲི་ཁང་པའི་ནང་ཆུ་རྒྱུགས་ཏེ་གདན་མང་པོ་རློན་པ་ཆགས་འདུག ཅེས་བརྗོད་བྱུང་།

ཆར་ཆུའི་གནོད་སྐྱོན་ཁྲོད་དེ་མིན་གྱི་རྒྱུ་དངོས་དང་མི་གནོད་པ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་བཟོ་གྲྭའི་སྒང་དུ་ཡོད་པའི་རླངས་འཁོར་འཇོག་སར་ཤིང་སྡོང་འགྱེལ་ཏེ་གཏོར་སྐྱོན་བཏང་འདུག བལ་ཐག་ཁང་གི་ཕྱི་ནང་གཉིས་སུ་ཆུས་ཁེངས་ཏེ་ཁང་པར་གཏོར་སྐྱོན་ཅུང་ཙམ་ཐེབས་འདུག་ཀྱང་ད་ལྟ་དཀའ་ངལ་མི་འདུག ཡིན་ནའང་མ་འོངས་པར་དཀའ་ངལ་འཕྲད་ས་རེད་བསམ་པ་ཞིག་འདུག ང་ཚོའི་གཞིས་ཆགས་ནང་ལོགས་སུ་ཐོག་རྩེག་ ༤ ཅན་གྱི་ཁང་པ་གཉིས་ཡོད་པ་དང་། དེ་གཉིས་ཀྱི་ནང་ཁྱིམ་ཚང་ ༣༠ ཙམ་རེ་སྡོད་ཀྱི་ཡོད། ཁང་རྩེག་དེ་གཉིས་ཉེ་འགྲམ་གྱི་ས་ཚང་མ་མར་ནུར་འདུག་པས་ཉེན་ཁ་ཆགས་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༡

Leave a Reply