བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༤ པ་ཚོགས།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་མི་ཉམས་ཞིབ་པ་བོད་མི་རང་གིས་གསོ་སྐྱོང་བྱེད་རྒྱུ་དེ་ང་ཚོའི་འགན་ཆགས་ཡོད་ཅེས་བརྗོད་བྱུང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་དབུས་སྣེ་ལེན་ཁང་གི་ཐོན་མི་ཚོགས་ཁང་དུ། སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༤ པ་དེ་མགོ་འཛུགས་གནང་སོང་བ་དང་། ཚོོགས་འདུའི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་མཐོ་སློབ་ཁག་གི་རིག་གནས་རབ་འབྱམས་པ་དང་། འབུམ་རམས་པ། དགེ་རྒན་ཆེན་མོ། དེ་བཞིན་དགོན་སྡེ་ཡི་ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་ ༦༥ འཛོམས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དེ་རིང་གི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་ ༤ ནང་མཉམ་ཞུགས་བྱེད་མཁན་ཨ་རི་ནས་གཅིག་དང་། དེ་མིན་རྒྱ་གར་ནང་མི་གྲངས་ ༥༥ ཡོད་པའི་ནང་འབུམ་རམས་པ་ ༡༢ ཙམ་ཡོད་པ་རེད། ཐོག་མའི་འཆར་གཞིར་གཏམ་བཤད་པ་གོ་སྒྲིག་ཏག་ཏག་ཡོད་པ་རེད་དེ། སྐབས་མཚམས་སུ་མཉམ་ཞུགས་པར་འགྱུར་བ་ཐེབས་སོང་། ད་ལོའི་དམིགས་ཡུལ་གཙོ་བོ་དེ་ན་གཞོན་ཉམས་ཞིབ་པ་ཚོར་གོ་སྐབས་ཕུལ་རྒྱུ་དེ་རེད། ན་ནིང་ན་གཞོན་ ༡༥ ཙམ་ལ་མ་གཏོགས་གོ་སྐབས་ཕུལ་ཐུབ་མེད་པ་རེད། ཅེས་བརྗོད་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྔོན་མ་ཞིག་ལ་ང་ཨིན་ཊེ་ཡ་ན་སློབ་ཆེན་ (Indiana University) དུ་བོད་ཀྱི་མཁས་པའི་བགྲོ་གླེང་ནང་ཞུགས་པ་ཡིན། ཚོགས་འདུའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་འགའ་འདུག་ལ།  ཁོ་ཚོས་ང་བོད་གཞུང་གི་སོ་བ་རེད་ལབ་སོང་། སྐབས་དེར་ཚོགས་ཞུགས་པ་བོད་མི་ཉུང་ཤས་ཤིག་ལས་མི་འདུག བོད་ནང་གི་བོད་མི་འགའ་བསླེབས་ཡོད་པ་ཚོར་སྐད་ཆ་བཤད་རྗེས་བོད་ནང་གི་བོད་མི་ཚོར་དམ་དྲག་ག་ཚད་ཡོད་མེད་ཚོར་ཡོང་གི་འདུག  ཁོང་ཚོ་དང་མཉམ་དུ་སྐད་ཆ་བཤད་དུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱ་མི་དེ་ཚོས་ང་དང་བོད་ནས་ཡོང་མི་ཚོའི་དཀྱིལ་ལ་མགོ་འཛུལ་ནས་ཉན་ཏེ་སྡོད་ཀྱི་འདུག སྐབས་དེར་ང་ཧོན་འཐོར་སོང་། ཁོང་སུ་རེད་ཅེས་དྲིས་དུས་རྒྱ་མི་ལས་བྱེད་པ་ཞིག་རེད་བརྗོད་སོང་། ངའི་བསམ་པར་རྒྱ་མི་ཞིག་གིས་དངོས་སུ་མཐོང་ཆུང་བྱས་སོང་བསམ་སོང་ལ། མཁས་པའི་ཚོགས་འདུ་སྐབས་བཙན་བྱོལ་ནས་མང་ཙམ་འགྲོ་དགོས་འདུག དེ་མིན་ང་ཚོར་བཙན་བྱོལ་བ་སྤར་བ་གང་ལས་མེད་མཁན་དེ་ལའང་རྒྱ་གཞུང་གིས་སོ་བ་རེད་ལབ་ནས་མིང་ཆད་བཟོ་བཞིན་ཡོད་པ་དེ་ཕྱོགས་གཅིག་ནས་སྒེར་གྱི་ན་ཚ་རེད་ལ། ཕྱོགས་གཞན་ནས་དེར་འགྲོ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་དང་། ཚོགས་ཐོག་ཏུ་ཕྱི་རྒྱལ་བ་ཚོས་བཀའ་བསྟན་དང་རྒྱལ་རབས་སོགས་བྱང་ཆུབ་པ་ཤེས་པར་ཧ་ལས་བྱུང་བས། དང་པོ་ནས་ན་ཚ་དེ་ཡོད་པའི་རྐྱེན་གྱིས་ཁོང་གིས་ཧ་ཝར་ཊི་གཙུག་ལག་སློབ་ཆེན་དུ་ལོ་ ༧ ཙམ་ལ་སློབ་གཉེར་གནང་སྟེ་འབུམ་རམས་པའི་ལག་འཁྱེར་བླངས་སྐོར་དང་། ཉམས་ཞིབ་པ་ཞིག་བྱེད་པར་སྐད་གཉིས་ངེས་པར་དུ་ཤེས་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་སུ། ང་ཚོའི་སྤྱི་ཚོགས་ནང་ན་གཞོན་ཉམས་ཞིབ་པའི་དགོས་གལ་ག་ཚོད་ཆེན་པོ་ཡིན་སྐོར་དྲིས་པར་ཁོང་གིས། ན་གཞོན་ཉམས་ཞིབ་པ་དགོས་གལ་ཧ་ཅང་ཆེན་པོ་རེད། ཉམས་ཞིབ་ལབ་དུས་སོ་སོས་རིག་པ་སྒྲིམ་སྟེ་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟས་པའི་ཐོག་བདེན་པ་བདེན་པ་ར་སྤྲོད་ཐུབ་པ་ཞིག་ཡིན་སྟབས། བརྗོད་གཞི་གཅིག་ཐོག་ཉམས་ཞིབ་བྱས་པ་དེ་སྤྱི་ཚོགས་ནང་གནས་ཀྱི་ཡོད་པ་རེད། དེར་བརྟེན། བདེན་པ་ཁ་གྲགས་རྒྱུ་དང་བདེན་པ་ར་སྤྲོད་རྒྱུའི་གོ་སྐབས་དེ་ཉམས་ཞིབ་ཐོག་ནས་ལེན་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག  ང་ཚོའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་པའི་དགོས་པ་རྒྱུ་མཚན་ཡང་བོད་པ་རང་གི་ཉམས་ཞིབ་པས་བོད་ཀྱི་གནས་ཚུལ་ཉམས་ཞིབ་ཀྱིས་རྒྱལ་སྤྱིའི་སྒང་འཁྱེར་ཐུབ་པ་བྱ་རྒྱུ་དེ་རེད། བོད་མི་ཉམས་ཞིབ་པ་བོད་མི་རང་གིས་གསོ་སྐྱོང་བྱེད་རྒྱུ་དེ་ང་ཚོའི་འགན་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༢༣

Leave a Reply