རྒྱ་གར་གྱི་བྱིས་པ་འབུམ་ ༢ ལྷག་བརླགས་པ་རེད་དམ།

རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་རྒྱལ་ཡོངས་ནང་བདག་མེད་ཉམ་ཐག་བྱིས་པ་འབུམ་༤།༧༣ ཡོད་པའི་གྲངས་འབོར་དེ་གློ་བུར་དུ་མར་ཆགས་ནས་འབུམ་ ༢ ལྷག་གར་ཡོད་ཅི་བྱུང་མེད་པར་གྱུར་བ་དེར་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས་འདུག

དེ་རིང་ཧིན་དྷུ་སི་ཐན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༢༡ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ལས་རོགས་ལྕམ་ཨེ་བྷར་ནཱ་བྷ་ཏི(Aparna Bhat )ལགས་ཀྱིས། ཕྱི་ལོ་༢༠༡༦ ནས་ ༢༠༡༧ ལོའི་རྒྱ་གར་རྒྱལ་ཡོངས་བདག་མེད་ཉམ་ཐག་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་དང་རྒྱ་གར་དབུས་གཞུང་གཉིས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་དུ། རྒྱ་གར་རྒྱལ་ཡོངས་ཀྱི་བྱིས་པ་བདག་སྐྱོང་ཁང་༩༠༠༠ ལྷག་གི་ནང་དུ་བྱིས་པ་འབུམ་༤།༧༣ འཚོ་སྡོད་བྱས་ཡོད་སྐོར་གསལ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་གར་དབུས་གཞུང་གིས་ཡིག་ཆ་ཞིག་བཏོན་པའི་ནང་དུ། རྒྱ་གར་རྒྱལ་ཡོངས་ནང་ཁྱོན་བྱིས་པ་བདག་སྐྱོང་ཁང་༨།༧༣༤ ནང་བྱིས་པ་འབུམ་༢།༦༡ ལས་གསལ་མེད་པ་དང་། བྱིས་པ་བདག་སྐྱོང་ཁང་གིས་བྱིས་པ་ཚོར་སྒྲིག་སྲོལ་དང་འགལ་བའི་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་སྐོར་ཡང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གི་སྙན་ཐོའི་ནང་བརྗོད་ཡོད་སྐོར་དང་། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་བྱིས་པ་འབུམ་གཉིས་ལྷག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བློ་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག

ལྕམ་ཨེ་བྷར་ནཱ་བྷ་ཏི་ལགས་ཀྱིས་རྒྱ་གར་མེ་སོར་མགོ་འཁྲིད་སྦྱོང་བརྡར་ལྟེ་གནས་ཁང་གི་འགན་འཛིན་དང་། ན་གཞོན་ལས་འགུལ་ཁང་(Swami Vivekananda Youth Movement)གསར་འཛུགས་གནང་མཁན་( Ramaswami Balasubramanyam)ལགས་སུ། བྱིས་པ་འབུམ་གཉིས་ལྷག་གང་དུ་ཡོད་སྐོར་དགོངས་ཚུལ་དྲིས་པར་ཁོང་གིས། བྱིས་པ་བདག་སྐྱོང་ཁང་ཚོས་རོགས་དངུལ་མང་བ་ཐོབ་ཆེད་བྱིས་པའི་གྲངས་འབོར་རྫུན་མ་སྤྲད་དེ་རྒྱ་གར་རྒྱལ་ཡོངས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་གི་སྙན་ཐོར་ནོར་འཁྲུལ་བྱུང་ཡོད་སྲིད་པའི་བསམ་ཚུལ་བརྗོད་འདུག

རྒྱ་གར་གཞུང་ནས་བྱིས་པ་བདག་སྐྱོང་གང་ལེགས་ཡོང་ཆེད་ཟླ་རེར་བྱིས་པ་གཅིག་ལ་ཧིན་སྒོར་༢༠༠༠ རེ་གནང་གི་ཡོད་སྟབས། གལ་སྲིད་བྱིས་པ་འབུམ་གཉིས་ལྷག་གི་གྲངས་ཀ་རྫུན་བཟོ་བྱས་ཡོད་ཚེ། བྱིས་པ་བདག་སྐྱོང་ཁང་དེ་ཚོས་ཧིན་སྒོར་ས་ཡ་བཅུ་ཕྲག་འགའ་གཡོ་ལེན་བྱས་ཡོད་སྟབས། ཁྲིམས་དཔོན་ལས་རོགས་ལྕམ་ཨེ་བྷར་ནཱ་བྷ་ཏི་ལགས་གྱིས་དབུས་གཞུང་ནས་བཀའ་ཁྲོལ་ཐོབ་པ་ལྟར་རྒྱལ་ཡོངས་ཀྱི་མངའ་སྡེ་སོ་སོའི་ནང་ཚོགས་ཆུང་བཙུགས་ཏེ་གནད་དོན་དེར་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་ཆབས་ཅིག ནུབ་ཕྱོགས་བྷན་གྷལ་(west Bengal) ནང་བྱིས་པའི་བདེ་དོན་ལྷན་ཁང་བཙུགས་མེད་པ་ནི་ནོར་འཁྲུལ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༡ ལོར་རྒྱལ་སྤྱིའི་བྱིས་པའི་བདེ་རྩ་ཁང་(International children’s charity) གིས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་གར་གྱི་བྱིས་པ་ས་ཡ་ ༢༠ དྭ་ཕྲུག་ཡིན་པ་དང་། དེ་དག་གི་ཁྲོད་ནས་བརྒྱ་ཆ་༠།༣ ཕ་མ་གྲོངས་ཟིན་པའི་བྱིས་པ་ཡིན་པ་དང་། མང་ཆེ་བ་ཕ་མས་གཡུགས་པ་ཤ་སྟག་ཡིན་འདུག དྭ་ཕྲུག་ཏུ་གྱུར་བའི་བྱིས་པ་ས་ཡ་༦ ནི་མྰ་དྷི་ཡ་མངའ་སྡེ་(Madhya pradesh) དང་ཨུ་ཌར་མངའ་སྡེ་(Uttra Pradesh)། ཆ་ཊི་སི་གྷར་མངའ་སྡེ་(Chhattisgarh) སོགས་ནས་ཡིན་པ་དང་། ཕྱི་ལོ་༢༠༢༡ བར་མངའ་སྡེ་དེ་དག་ནང་དྭ་ཕྲུག་ས་ཡ་༧ ལ་འཕར་སྲིད་པ་དང་། ཡང་དྭ་ཕྲུག་ས་ཡ་༥།༢ ནི་བྷི་ཧར་(Bihar) དང་ཨུ་རི་ས་(Orisa)། ཇར་ཁན་(Jharkhand)། ནུབ་བྷན་གྷལ་(West Bengal ) སོགས་ནས་ཡིན་ཞིང་། ཕྱི་ལོ་༢༠༢༡ བར་དྭ་ཕྲུག་ས་ཡ་༦ ལ་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གཞན་ཡང་། ཕྱི་ལོ་༢༠༢༡ བར་རྒྱ་གར་རྒྱལ་ཡོངས་ནང་ཕ་མ་ཡོད་མེད་གཉིས་ཀྱི་དྭ་ཕྲུག་ས་ཡ་༢༠ ནས་༢༤ ལ་འཕར་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱ་གར་གཞུང་གི་བྱིས་པ་བདག་སྐྱོང་གི་གྲངས་ཐོའི་ནང་ཕྱི་ལོ་༢༠༡༦ ནས་༢༠༡༧ བར་རྒྱ་གར་ནང་ཁྱོན་དྭ་ཕྲུག་ ༥༠༠༠༠ ཡས་མས་བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་བྱིས་པ་༢༦༧༡ ལ་ཕ་ཚབ་མ་ཚབ་རག་ཡོད་སྐོར་གསལ་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༢༢

Leave a Reply