བོད་ཀྱི་དགེ་རྒན་ཚོས་ལག་བསྟར་གནང་དགོས་པའི་ནུབ་ཕྱོགས་ཀྱི་སློབ་གསོ་འགའ།

རྡོ་སྦིས་ཟླ་བ་ཚེ་རིང།

ངས་དེ་རིང་འདི་ནས་རླབས་ཆེ་ཞིང་འཇིག་རྟེན་གྱི་སྒྲོན་མེ་རུ་བསྙད་པའི་བཀུར་འོས་དགེ་རྒན་ཚོར་སེམས་ཀྱི་གྲོས་མོལ་རེ་བྱ་འདོད་ཆེ་བས། གལ་སྲིད་སྐད་ཆ་འདི་དག་གི་རྐྱེན་གྱིས་ཁྱེད་ཚོའི་རྣ་དབང་ལ་མི་སྙན་པ་རེ་ཚོར་ཚེ་རྣ་རྒྱབ་ཏུ་རླུང་བཞིན་བསྐུར་ན་ཆོག་མོད།  འོན་ཀྱང་ང་ཚོའི་ལས་ཁུར་ཏེ་དགེ་རྒན་གྱི་ལས་ཁུར་འདི་ནི་ལས་བྱེད་གཞན་དག་ལྟར་དུས་ཚོད་འདའ་མཁན་ཞིག་དང་གླ་ཕོགས་ཟ་མཁན་ཞིག་ཡོང་བ་ཙམ་གྱི་མི་འགྲིག་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས“དགེ་རྒན་གྱི་ལས་ཁུར་འདི་ལས་གལ་གནད་ཆེ་བའི་ལས་ཁུར་གཞན་མེད”གསུང་བ་ལྟར་ལས་ཁུར་འདི་ལ་མཐོང་ཆེན་གསུང་གི་ལྕགས་རི་བརྒྱབ་ཡོད་པ་འདི་རེད། དེ་ལྟར་ཡིན་ཏེ་འུ་ཚོའི་ཕྲག་སྟེང་ན་མི་རིགས་ཤིག་གི་སོན་རྩ་ཚོའི་མདུན་ལམ་རིང་མོའི་གཞུང་ལམ་གྱི་ཁུར་བོ་ཡོད་པའི་རེད་ལ།  འུ་ཚོའི་ཕྲག་སྟེང་ན་རྒྱལ་ཁབ་ཅིག་འགྱེལ་ས་ནས་བསླངས་དགོས་པའི་བསམ་བློའི་སྒོ་མོ་ཁུར་ཡོད་པས་ན།  དགེ་རྒན་ཟེར་བ་འདི་ནི་འཆད་རྩོད་རྩོམ་གསུམ་ལ་མཁས་དགོས་ཤིང་མཐོང་རྒྱ་ཐོས་རྒྱ་ཡངས་དགོས་པའི་བསམ་བློ་ནང་གི་བསམ་བློ་བ་ཞིག་ཡིན་དགོས་པ་མ་ཟད།  མི་སེམས་རྟོགས་པའི་སེམས་ཁམས་རིག་པ་བ་ཞིག་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་དགོས་པ་སྨྲས་མ་དགོས་མོད།  འོན་ཀྱང་།  འུ་ཚོའི་ཚོགས་སྤྱི་འདིའི་དགེ་རྒན་ཚོ་ནི་དེ་ལྟར་མ་ཡིན་པར་ཀླད་རྙིང་མཁྲེགས་བཟུང་དང་གཞན་བླུན་ང་མཁས་ཀྱི་སེམས་ཚོར་ཞིག་གི་ངང་ནས་ད་དུང་ཡང་མི་ལོ་སུམ་ཅུའི་སྔོན་གྱི་སློབ་གསོ་ཆིག་རྐྱང་བ་ཞིག་ལ་ཡིད་བཅོལ་ནས་ཀློག་དེབ་གཅིག་པོ་ལ་མགོ་འཁོར་བའི་དགེ་རྒན་ཤ་སྟག་ཅན་ཡིན་པའི་ཁར།  ངོ་དེབ་དང་སྐད་འཕྲིན་ལ་སེམས་གླན་ནས་དཔེ་ཀློག་དང་ཁྲིད་ཐབས་ལ་སྒོ་ལྕགས་རྒྱག་མཁན་ཀྱི་དགེ་རྒན་རྐྱང་ཡིན་ནོ། །

དེ་ལས་ཀྱང་ཁྱད་མཚར་བ་ཞིག་ལ་སློབ་ཚན་གྱི་དྲི་བ་ཡང་དགེ་རྒན་གྱིས་བཟོས་ནས་དྲིས་ལན་ཡང་དགེ་རྒན་རང་གིས་རྒྱག་མཁན་གྱིས་སློབ་ཕྲུག་གི་བསམ་བློའི་ནུས་པ་ལ་སྒོ་ལྕགས་རྒྱག་མཁན་རྐྱང་ཡིན་པས་ན།  ཁོང་ཚོའི་སློབ་གསོའི་གཞི་རྩ་ནི་སློབ་ཕྲུག་གི་བསམ་བློ་སྔོག་འདོན་བྱ་རྒྱུ་དང་བསམ་བློའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་མ་ཡིན་པར་དྲི་བ་ཁ་ཤས་ལ་ལན་བརྒྱབ་པའི་སྐར་གྲངས་གཙོར་བཟུང་གི་སློབ་གསོ་ར་མ་ལུག་དེ་ཡིན་པས་སོ། །  མི་ལོ་དྲུག་ཅུ་ཕྱིན་ཀྱང་འུ་ཚོའི་སྤྱི་ཚོགས་སུ་མི་བུ་འཇོན་ཐང་ཅན་ཞིག་དང་བསམ་བློ་དཀྱེལ་ཡངས་ཅན་ཞིག་བྱུང་མ་ཐུབ་པ་ཁག་ཅི་ལ་ཡོད།  མ་གཞི་ནས་འུ་ཚོའི་དགེ་རྒན་མང་པོ་ཞིག་ནི་མི་རིགས་ཀྱི་འདུ་ཤེས་ཞན་ཞིང་རང་སྐད་ལ་ལར་ཞེན་དབེན་པའི་གླ་ཆ་ཁོ་ནར་རེ་བའི་སེམས་ཅན་ཕུང་གསུམ་པ་དག་ཡིན་པས།  གལ་སྲིད་ཁོང་ཚོ་འགྲོ་ས་ཞིག་དང་འཚང་ས་ཞིག་ཡོད་ཚེ་བུད་འགྲོ་ལ་ཁོང་ཚོའི་ལས་ཁུར་འདི་ནི་གནས་སྐབས་ཀྱི་མགྲོན་ཁང་ལྟར་སེམས་བཞིན་ཡོད་པ་འདི་ཡིན།  རང་གི་ལས་ཁུར་ལ་དགའ་མོས་མི་བྱས་མཁན་ཞིག་དང་རང་གི་ལས་ཁུར་ལ་བརྩི་མཐོང་མི་གནང་མཁན་ཞིག་གིས་ཕྱག་ལས་ཅི་ལྟར་གནང་ངམ།  གསོ་སྐྱོང་ཅི་ལྟར་བྱའམ།

ད་དུང་ཡང་དགེ་རྒན་ཁ་ཤས་ཀྱིས་སོ་སོས་དཔེ་ཀློག་མི་བྱ་བར་སློབ་ཕྲུག་ཚོར་དཔེ་ཀློག་བྱ་དགོས་ཟེར་བའི་རྫིག་རྫིག་གནང་མཁན་གྱི་ཁ་མཁས་ཁོག་རུལ་ཅན་རྐྱང་ཡིན་པས་ན། འདི་ལྟ་བུའི་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོའི་བསམ་བློའི་སྒོ་མོ་དང་བསམ་བློའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱ་ཐུབ་བམ།  སྐད་ཆ་དྲང་མོ་བཤད་ན། དགེ་རྒན་ནི་སློབ་ཕྲུག་གི་ཞབས་ཞུ་བ་ཡིན་ཟེར་དོན་ཡང་སློབ་ཕྲུག་གི་ནང་ལས་མ་བྲིས་སྔོན་ལ་དགེ་རྒན་རང་གི་ནང་ལས་འབྲི་དགོས་ལ།  སློབ་ཕྲུག་གིས་དཔེ་དེབ་མ་བཀླག་སྔོན་དུ་དགེ་རྒན་གྱིས་དཔེ་དེབ་བཀླགས་དགོས་པས། ལས་ཀ་ཡོད་ཚད་དགེ་རྒན་གྱིས་སྔོན་དུ་བྱས་དགོས་པས་ན་སློབ་ཕྲུག་གི་ཞབས་ཞུ་བ་རེད་མ་གཏོགས། སློབ་ཕྲུག་གི་སྟོད་གོས་བཀྲུ་མཁན་དང་ཉལ་ཆས་ལྟེབས་རྩེག་རྒྱག་མཁན་གྱི་ཞབས་ཞུ་བ་ལ་གོ་ན་ག་ལ་འགྲིག ཡོངས་གྲགས་ལྟར་འུ་ཚོའི་དགེ་རྒན་ཚོར་མགོ་སེར་དགེ་རྒན་ཚོ་ལྟར་ཀློག་དེབ་ལ་མཁོ་བའི་དཔེ་དེབ་གང་མང་ཀློག་མཁན་ཞིག་དང་རང་གི་ལས་ཁུར་ལ་ཞིབ་རྟོག་གིས་དཔྱད་རྩོམ་འབྲི་མཁན་གྱི་བསམ་བློ་མེད་པའི་ན།  ཀློག་དེབ་ཁོ་ན་ལ་མགོ་འཁོར་བའི་དགེ་རྒན་ཞིག་གི་འོག་ནས་འཚར་ལོངས་བྱུང་བའི་སློབ་ཕྲུག་དེ་དག་ཇི་ལྟ་བུ་ཞིག་ཡོང་རྒྱུ་ནི་ངས་མ་ཞུས་ཀྱང་གསལ་བོ་མཁྱེན་ངེས་རེད།  གང་ལྟར་འུ་ཚོས་རང་གི་ལས་གནས་འདི་ལ་བསམ་བློ་རེ་བཏང་ནས་མགོ་སེར་བའི་དགེ་རྒན་ཚོ་ལྟར་དཔེ་དེབ་གང་མང་བཀླགས་ནས་སོ་སོའི་བསམ་བློར་ཡར་རྒྱས་གཏང་རྒྱུ་དང་སློབ་ཚན་གང་ཞིག་ཁྲིད་ནས་སློབ་ཕྲུག་སུ་ཞིག་ཡར་རྒྱས་འགྲོ་ཚུལ་དང་སློབ་ཚན་ཇི་ལྟར་ཁྲིད་ནས་སློབ་བུ་གང་ཞིག་གི་བསམ་བློར་འགྱུར་བ་འགྲོ་ཕྱོགས་ཀྱི་ཞིབ་རྟོག་དཔྱད་རྩོམ་རེ་རང་ཉིད་ཀྱི་འབྲི་རྩལ་དང་བསམ་བློ་ཡར་རྒྱས་ཀྱི་ཆེད་དུ་འབྲི་རྒྱུ་ནི་རང་གཞན་ཀུན་ལ་ཕན་པའི་བསམ་བློའི་སྨན་མཆོག་ཡིན་ནོ། །

ཡང་གཅིག་ཞུས་ན།  ངོ་དེབ་དང་སྐད་འཕྲིན་ནས་དུས་ཚོད་སྟོང་ཟད་དུ་བཏང་བ་ལས་མགོ་སེར་དགེ་རྒན་ཚོ་ལྟར་དྲྭ་རྒྱ་ནས་ཁྲིད་ཐབས་སྣ་ཚོགས་འཚོལ་སྒྲུབ་དང་རྩོམ་ཡིག་གང་སྙན་འདེབས་སྒྲིག་གིས་འཛིན་ཁང་དུ་འཁྱེར་རྒྱུ་ནི་དགེ་རྒན་ཞིག་གིས་གཡོལ་ཐབས་མེད་པའི་འོས་འགན་ཡིན་པས།  མགོ་སེར་བའི་དགེ་རྒན་ཚོ་ལྟར་ལག་ལེན་བསྟར་རྒྱུ་གལ་ཆེ་བར་མཐོང་ངོ། །  མ་ཟད་དགེ་རྒན་ཟེར་བ་འདི་སློབ་ཚན་གཅིག་པོ་ཁྲིད་མཁན་མ་ཡིན་པར་འཛམ་གླིང་གི་ཉིན་རེ་གསར་ལམ་ཁག་གི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་གསར་འགོད་པ་ཞིག་ཀྱང་བྱ་དགོས་པ་དང་། མཚམས་མཚམས་སུ་འཛམ་གླིང་གི་མཁས་པ་ཚོས་ཇི་ལྟར་དཀའ་ལས་རྒྱག་སྟངས་ཀྱི་མཛད་རྣམ་མདོར་བསྡུས་རེ་འཆད་མཁན་གྱི་གཏམ་བཤད་པ་ཡང་བྱེད་དགོས་པའི་ན།  དགེ་རྒན་གྱི་ལག་མཐིལ་དུ་འཛམ་གླིང་གི་གཤིན་ས་རྡོག་རྡོག་འདི་ཤོང་དགོས་པར་མ་ཟད་དེའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཤེས་དགོས་ལ་དེའི་དཔའ་འབྱོར་གྱི་གནས་བབ་ཀྱང་ཤེས་དགོས་པ་གལ་ཆེན་དུ་མཐོང་ངོ་། །  དགེ་རྒན་ནི་མི་སེམས་དང་ལྡན་པའི་གློག་གི་ཀླད་པ་བཞིན་སློབ་ཕྲུག་གིས་གང་ནས་བསྔོག་ན་སྔོག་ཆོག་ཆོག་དང་ཕྱོགས་གང་ནས་བཙལ་ནའང་བཙལ་ཆོག་ཆོག་ཅིག་བྱ་རྒྱུ་ནི་དགེ་རྒན་ཟེར་བའི་མིང་རྡོག་སྟེང་ན་ཡོད་པས།  དགེ་རྒན་གྱི་ལས་ཀ་འདི་བྱེད་ཤེས་ན་དགེ་ཕྱོགས་སུ་འགྲོ་མཁན་ཞིག་དང་བྱེད་མ་ཤེས་ན་དམྱལ་བར་ལྷུང་མཁན་ཞིག་ཡིན་པ་གཏན་འཁེལ་ཚར་འདུག  དེ་ནི་ཁྱོད་ཀྱི་ལག་ནང་དུ་སློབ་ཕྲུག་ཅིག་གི་མི་ཚེའི་མདུན་ལམ་ཡོད་པ་འདི་རེད་དོ།

བསྐྱར་བཅོས།: ༢༠༡༨/༠༨/༢༣

Leave a Reply

5 thoughts on “བོད་ཀྱི་དགེ་རྒན་ཚོས་ལག་བསྟར་གནང་དགོས་པའི་ནུབ་ཕྱོགས་ཀྱི་སློབ་གསོ་འགའ།