ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པར་ཞིབ་བཤེར།

དེ་རིང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧྲི་ཤེ་ཁྲིན་གྱིས་བཙན་གཡེམ་ལོག་སྤྱོད་བྱས་པའི་ནག་ཉེས་ལ་འདྲི་རྩད་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཉེ་སྔོན་པེ་ཅིན་ལོང་ཆན་དགོན་པའི་མཁན་པོ་དང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཤེ་ཁྲིན་ཞེས་པ་དེས། ཉུང་མཐར་ཡང་བཙུན་མ་ ༦ ལ་བཙན་གཡེམ་ལོག་སྤྱོད་བྱས་ཡོད་པའི་གནས་ཚུལ་ཕྱིར་གྱར་ཡོད་པ་དང་། དེ་ནས་བདུན་ཕྲག་ ༢ ཙམ་ལས་མ་འགོར་བར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་གཙོ་གསར་དུ་བསྐོ་བཞག་བྱས་ཏེ། ཧྲི་ཤེ་ཁྲིན་གྱིས་དགོངས་པ་ཞུ་དགོས་ཁེལ་ཡོད་པ་དང་། དེ་རིང་ཧྲི་ཤེ་ཁྲིན་གྱིས་བཙན་གཡེམ་ལོག་སྤྱོད་བྱས་པའི་ནག་ཉེས་ལ་འདྲི་རྩད་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧྲི་ཤེ་ཁྲིན་གྱི་གནད་དོན་དེས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་མཚན་སྙན་ལ་གནོད་པ་ཆེན་པོ་ཐེབས་ཡོད་སྟབས། དེ་རིང་ཧྲི་ཤེ་ཁྲིན་གྱི་བཙན་གཡེམ་དང་ལོག་སྤྱོད་སོགས་ཀྱི་ཉེས་འཛུགས་ཐད་འདྲི་གཅོད་བྱེད་བཞིན་ཡོད་ལ། ཁོའི་ནག་ཉེས་ར་འཕྲོད་བྱུང་ཚེ། རྒྱ་ནག་ནང་བསྟན་མཐུན་ཚོགས་ནས་དམིགས་བསལ་གྱིས་ནང་པའི་ཆོས་ཁྲིམས་དང་བརྒལ་བའི་བྱ་སྤྱོད་སྤེལ་བར་ཆད་པ་ནན་མོ་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་གི་དྲ་རྒྱའི་སྟེང་། མཐུན་ཚོགས་ཀྱི་ངོས་ནས་ཞིབ་འཇུག་བྱས་པ་བརྒྱུད་ཧྲི་ཤེ་ཁྲིན་གྱིས་རང་ཉིད་ཀྱི་སློབ་ཕྲུག་བཙུན་མ་ཁག་ཅིག་ལ་བཙན་གཡེམ་དང་། ཁག་ཅིག་ལ་འཕྲིན་ཡིག་བརྒྱུད་འཁྲིག་སྤྱོད་སྐོར་གླེང་སློང་བྱས་པ། གཞུང་གི་ཆོག་མཆན་མེད་པར་འདུ་ཁང་གསར་རྒྱག་བྱས་པ། དེ་བཞིན། དགོན་པའི་དངུལ་ལོག་སྤྱོད་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་ནའང་། ཧྲི་ཤེ་ཁྲིན་གྱིས་ནག་ཉེས་ངོས་ལེན་བྱས་མེད་སྟབས། ཉེན་རྟོག་ཞིབ་བཤེར་ཁང་ལ་རྩིས་སྤྲད་པ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན།  རྒྱ་ནག་ནང་བསྟན་མཐུན་ཚོགས་སྐབས་ ༩ པའི་ཚོགས་འདུ་ཐེངས་ ༣ པེ་ཅིན་དུ་ཚོགས་ཏེ་ཁྱོན་ཚོགས་ཞུགས་པ་ ༣༡༧ གྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བརྡལ་ཕྱིན་པའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་ཧྲི་ཤེ་ཁྲིན་གྱི་བཙན་གཡེམ་དང་ལོག་སྤྱོད་སྐོར་ལ་གླེང་སློང་ཤུགས་ཆེན་བྱུང་རྗེས། ཚོགས་འདུའི་ཐོག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡན་ཅེ་གནས་སྐབས་རིང་ཚོགས་གཙོར་བསྐོ་བཞག་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་ཧྲི་ཤེ་ཁྲིན་གྱིས་དགོངས་པ་ཞུ་རྒྱུ་དང་ལེན་བྱས་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད། ཧྲི་ཤེ་ཁྲིན་རང་ཁྱིམ་དུ་བཀག་ཉར་འོག་བཞག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༣

Leave a Reply