༧གོང་ས་མཆོག་ནས་ཐུགས་སྣང་གསུང་འཕྲིན་བསྩལ།

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་མེག་ཁན་(John McCain)ལགས་ཀླད་པའི་སྐྲན་ནད་ཀྱིས་དགུང་གྲངས་ ༨༡ ཐོག་སྐུ་གྲོངས་འདུག

འདས་ལོ་ནས་སྐུ་ཞབས་ཇོན་ལགས་སུ་ཀླད་པའི་སྐྲན་ནད་བྱུང་སྟེ་སྨན་བཅོས་གང་ལེགས་གནང་ཡོད་ཀྱང་ཕན་འབྲས་མ་བྱུང་བར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༤་ཉིན་ཁོང་གི་ཁྱིམ་མི་རྣམས་ནས་སྨན་བཅོས་མཚམས་འཇོག་གནང་ཡོད་སྐོར་བསྒྲགས་ཡོད་པ་དང་། སྨན་བཅོས་མཚམས་འཇོག་གནང་བར་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྣང་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྐུ་ཞབས་ཇོན་མེག་ཁན་ལགས་ནས་མུ་མཐུད་སྨན་བཅོས་གནང་རྒྱུ་མིན་པའི་ཐག་གཅོད་གནང་བ་མཁྱེན་རྟོགས་བྱུང་བར་ཐུགས་འཚབ་བྱུང་བ་དང་། སྐུ་ཞབས་ཇོན་ལགས་ནས་རྒྱལ་ཁབ་དང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་དམིགས་དཔེར་འོས་པ་གནང་བར་བསྔགས་བརྗོད་དང་སྦྲགས། ཐུགས་སྨོན་སྐྱབས་འཇུག་གནང་བཞིན་ཡོད་སྐོར་གསུངས་འདུག

སྐུ་ཞབས་ཇོན་མེག་ཁན་ལགས་ཀྱིས་དེ་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཐེངས་འགར་ཞུས་ཡོད་པ་དང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༨ བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་ཛ་དྲག་ཆགས་སྐབས། ཁོང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། གནད་དོན་དེས་འཛམ་གླིང་མི་མང་གི་མིག་མདུན་དུ་རྒྱ་ནག་ལ་སྣང་བརྙན་མི་ལེགས་པ་བསྐྲུན་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་བར་དོན་ཕན་ལྡན་པའི་ཞི་བའི་ཐབས་ལམ་ཞིག་ཡོངས་བསྒྲགས་བྱེད་པའི་རེ་བ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༢༦ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཇོན་ལགས་ཀྱི་བཟའ་ཟླ་སི་ཌི་མེག་ཁན་ལགས་སུ་ཐུག་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ངོས་ནས་ཁྱེད་དང་ཁྱེད་ཀྱི་ནང་མི་ཚོར་སྐྱོ་གདུང་ཆེ་བའི་དུས་སྐབས་འདིར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཕྱི་ལོ་ ༢༠༠༨ ལོར་ངོས་ཁོང་དང་མཇལ་རྒྱུའི་གོ་སྐབས་བྱུང་། ངོས་ནས་དམ་པ་ཁོང་གིས་ལོ་མང་རིང་ཨ་རིའི་མི་མང་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུ་བསྒྲུབས་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད་པ་མ་ཟད། དམ་པ་ཁོང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་བོད་ནང་གི་གནས་སྟངས་ཐོག་ཐུགས་འཁུར་གནང་བར་རྗེས་སུ་ཡི་རངས་དང་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཅེས་གསུངས་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་། ཇོན་མེག་ཁན་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་བྱེད་དགོས་པའི་སྙིང་པོ་དེ་ཤེས་ཀྱི་ཡོད། དམ་པ་ཁོང་གིས་དཔེ་དེབ་ཅིག་ལས་ཚིག་ཀློག་པ་ཙམ་མ་ཡིན་པར། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་ཨ་རི་དང་། ལྷག་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཆེད་བློས་གཏོང་གནང་ཡོད། ང་རང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པའི་ཆ་ནས་སྐབས་འདིར་འཛམ་གླིང་གི་དབུ་འཁྲིད་མང་པོ་ཞིག་གིས་ང་ལ་ཐུག་པར་གཡོལ་ཐབས་གནང་གི་ཡོད་ཀྱང་། སྐུ་ཞབས་ཇོན་མེག་ཁན་མཆོག་གིས་དུས་རྟག་ཏུ་སྤྲོ་སེམས་འཁོལ་བའི་ངང་ནས་ང་ལ་ཐུག་འཕྲད་གནང་གི་རེད།

དམ་པ་ཁོང་བཞུགས་སྒར་དྷ་རམ་ས་ལར་ཕེབས་པའི་རྨི་ལམ་དེ་མངོན་འགྱུར་མ་བྱུང་ཡང་། དྲང་པོ་ཞུས་ན་ཁོང་ནི་སྙིང་སྟོབས་ལྡན་ཞིང་བྱང་སེམས་ཆེ་བ་ཞིག་ཡིན་པ་མ་ཟད།  དམ་པ་ཁོང་གི་བོད་ཀྱི་རྩ་དོན་ཆེད་གཡོ་ཟོལ་མེད་པའི་རྒྱབ་སྐྱོར་དང་གླེང་སློང་གནང་བ་དེ་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཡིད་ལ་ལྷང་ངེར་དྲན་ངེས་ཡིན། ཨ་རི་ལ་མཚོན་ན་དཔའ་མཛངས་ལྡན་པའི་མི་སྣ་ཞིག་མེད་པར་ཆགས་པ་རེད། བོད་མི་ཚོར་མཚོན་ན། ཁ་ཞེ་གཉིས་མེད་ཀྱི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་གྱུར་བ་རེད། ཕྲན་ལ་མཚོན་ན་བློ་ཐུབ་ཀྱི་གྲོགས་པོ་ཞིག་མེད་སོང་བ་རེད། སྐུ་ཞབས་ཇོན་མེག་ཁན་ལགས། ང་ཚོས་ཁྱེད་རང་རྟག་ཏུ་དྲན་ངེས་ཡིན། ཞེས་གསུངས་འདུག

སྐུ་ཞབས་ཇོན་སི་ཌི་ནེ་མེག་ཁན་ལགས་ནི་ཕྱི་ལོ་ ༡༩༣༦ ཟླ་ ༨ ཚེས་ ༢༩ ཉིན་ཨ་རིའི་མངའ་སྡེ་ཨ་རེ་རྫོང་ན་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༨ ལོར་ཨ་རིའི་མཚོ་དམག་གི་ཆེད་སྦྱོང་ཐོན་རྗེས། ཨ་རིའི་དམག་འཁྲུག་རིམ་པའི་ནང་ཞུགས་ཏེ་བྱས་རྗེས་བསྟུན་མར་བཞག་ཡོད་པ་དང་། ཕྱི་ལོ་ ༡༩༦༧ ལོར་ཝི་ཏི་ནམ་གྱི་དམག་འཁྲུག་སྐབས་རྨས་སྐྱོན་ཕོག་སྟེ་ཝི་ཏི་ནམ་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༡༩༧༣ བར་བཙོན་ཁང་དུ་ལྷག དེའི་རྗེས་ཁོང་ནད་ཀྱིས་བཟུང་སྟེ་ཕྱི་ལོ་ ༡༩༨༡ ལོར་དམག་དཔོན་ལས་གནས་ནས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༨༢ ལོ་ནས་ཆབ་སྲིད་ནང་ཞུགས། ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བ་དང་། ཕྱི་་ལོ་ ༢༠༠༨ ལོར་སྤྱི་མཐུན་ཚོགས་པའི་ཨ་རིིའི་སྲིད་འཛིན་གྱི་འོས་མིར་ཡང་བཞེངས་ཡོད་འདུག

གསར་འགྱུར་ཁ་གསབ་བྱས། 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༧

Leave a Reply