ལྗང་རླུང་དཔེ་ཀློག་བྱ་དགའ་གནང་།

ལྗང་རླུང་དཔེ་ཀློག་བྱ་འགུལ་ཁྲོད་བོད་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་པད་མ་འཕྲིན་ལས་ལགས་སུ་དཔེ་དེབ་ ༡༠༠ བཀླགས་པའི་ལྗང་རླུང་ཕུལ་བྱུང་དཔེ་ཀློག་པའི་མཚན་སྙན་ཕུལ་བ་དང་སྦྲགས་ཨ་སྒོར་ ༡༠༠༠ གི་བྱ་དགའ་ཐོབ།
དེ་རིང་ལྗང་རླུང་ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དུས་དྲན་དང་བསྟུན་བོད་ཕྱི་ནང་གཉིས་སུ་ལྗང་རླུང་དཔེ་ཀློག་བྱ་འགུལ་ཆེན་མོ་ཞེས་པའི་དྲ་ཐོག་དཔེ་ཀློག་བྱ་འགུལ་ཞིག་སྤེལ་བའི་ཁྲོད། བོད་མདོ་སྨད་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་པད་མ་འཕྲིན་ལས་ལགས་སུ་དཔེ་དེབ་ ༡༠༠ བཀླགས་པའི་ལྗང་རླུང་ཕུལ་བྱུང་དཔེ་ཀློག་པའི་མཚན་སྙན་ཕུལ་བ་དང་སྦྲགས་ཨ་སྒོར་ ༡༠༠༠ གི་བྱ་དགའ་དང་། དེ་བཞིན་དཔེ་དེབ་བདུན་ཅུ་གྱ་ཅུ་ཙམ་ཀློག་མཁན་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ཀྱི་དགེ་འདུན་པ་ཐུབ་བསྟན་ཟླ་བ་ལགས་སུ་ལྗང་རླུང་དཔེ་ཆ་བའི་མཚན་སྙན་དང་ཨ་སྒོར་ ༡༥༠། གཞན་ཡང་། རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྷ་རམས་པ་ཉི་མ་རྒྱལ་མཚན་ལགས་དང་། བོད་རྨ་ལྷོ་ཁུལ་ཤིང་བཅའ་དགོན་གྱི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་གཉིས་ལ་དཔེ་དེབ་ ༢༥ བཀླགས་པའི་ལྗང་རླུང་དཔེ་ཀློག་པའི་མཚན་སྙན་དང་ཨ་སྒོར་ ༥༠ བཅས་གནང་སོང་། དཔེ་ཀློག་གི་བྱ་འགུལ་འདི་ནི་བོད་མི་རིགས་ལ་དཔེ་ཀློག་གི་འདུ་ཤེས་བཟང་པོ་ཞིག་འཇགས་ཆེད་དང་། ཤེས་ཡོན་གྱི་སྤུས་ཚད་བསྐྲུན་ཐབས། དེབ་ཀྱི་བཀླགས་བྱང་འབྲི་བའི་ལམ་སྲོལ་དར་ཐབས་བཅས་སུ་དམིགས་པ་ཞིག་ཡིན་འདུག

འདི་གའི་གསར་འགོད་པར་ལྗང་རླུང་དཔེ་ཀློག་བྱ་འགུལ་གྱི་འགན་འཛིན་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། ལྗང་རླུང་དཔེ་ཀློག་བྱ་འགུལ་ནི་ལྗང་རླུང་ཚོགས་པ་བཙུགས་ནས་ལོ་༡༠ འཁོར་བའི་དུས་དྲན་དང་བསྟུན་ནས་སྤེལ་བའི་བྱ་འགུལ་ཞིག་ཡིན། ལྗང་རླུང་དཔེ་ཀློག་བྱ་འགུལ་འདིའི་དམིགས་ཡུལ་དང་བསམ་བློའི་ཁྱབ་ཁོངས་ནི་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་ང་ཚོ་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་གྱི་གསུང་རབ་པོ་ཏི་རྣམས་མཆོད་ཁང་དུ་བཤམ་རྒྱུ་ཙམ་མ་ཡིན་པར་དེར་སློབ་སྦྱོང་བྱེད་དགོས་པ་རེད། ཅེས་པའི་བཀའ་སློབ་ལམ་སྟོན་འོག་ནས་དཔེ་ཀློག་བྱ་འགུལ་གྱི་ཐབས་ལམ་འདི་འཐེན་པ་དང་། ལྗང་རླུང་ཚོགས་པའི་བྱ་འགུལ་ཆེ་ཁག་རྣམས་ནི། དང་པོ་ལྗང་རླུང་ཚགས་པར་འདོན་སྤེལ་དང་། གཉིས་པ་ལྗང་རླུང་རིག་གནས་འཆད་འཁྲིད། གསུམ་པ་ལྗང་རླུང་དཔེ་ཚོགས་དང་པོའི་ནང་དུ་དཔེ་དེབ་༡༠ པར་སྐྲུན་བྱས་པ་ཡིན། ང་ཚོས་དཔེ་ཀློག་བྱ་འགུལ་འདི་སྤེལ་ནས་ད་ལྟའི་བར་དུ་བཀླགས་བྱང་ཆིག་སྟོང་ལྷག་འབྱོར་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཕུལ་བྱུང་དཔེ་དེབ་ ༡༠༠ བདམས་པ་རྣམས་དུམ་བུ་བཞིར་དབྱེ་ནས་བཀླགས་བྱང་དཔེ་དེབ་བཞི་ཅན་ཞིག་པར་སྐྲུན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

དེ་རིང་དཔེ་ཀློག་བྱ་དགའ་སྤྲོད་པའི་དྲ་ཐོག་མཛད་སྒོའི་ཐོག་དཔེ་ཀློག་གི་ཕན་ཡོན་སྐོར་ལ་སྐུ་མགྲོན་གཙོ་བོ་ཡང་སྟེང་རིན་པོ་ཆེ་མཆོག་གིས། རྣམས་པ་ཚོས་གནང་བའི་ཕྱག་ལས་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད་འདུག མིའི་རིགས་ཀྱི་རྣམ་དཔྱོད་དང་ཤེས་རིག་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་ཀ་གལ་ཆེན་ཞིག་ཆགས་ཀྱི་འདུག ང་རང་གི་ངོས་ནས་དང་དེང་གི་སྤྱི་ཚོགས་ཀྱི་ངོས་ནས་ཡིན་ན་ལས་ཀ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ། འཛམ་གླིང་འདིའི་རྒྱལ་ཁབ་གང་ཞིག་ཡིན་ཡང་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་དགོས་ན་རིག་གནས་སྦྱང་ནས་ཡར་རྒྱུས་སུ་འགྲོ་རྒྱུ་མ་གཏོགས། རིག་གནས་མ་སྦྱང་བར་ཡིག་རྨོངས་ཀྱི་སྤྱི་ཚོགས་ལ་ཡར་རྒྱས་མེད་པ་མིག་མཐོང་ལག་སོན་རེད། ལྷག་པར་ཏུ་ང་ཚོ་བོད་ཀྱི་སྤྱི་ཚོགས་འདི་ཕྱོགས་ཡོངས་ནས་ཡར་རྒྱུས་སུ་གཏོང་བར་ངེས་པར་དུ་གནའ་དེང་གཉིས་ཀྱི་རིག་གནས་གཉིས་ལ་བརྟེན་དགོས་ཀྱི་ཡོད་པས། བོད་ཀྱི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་རིག་གནས་གཉིས་ལྡན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་དཔེ་ཀློག་གི་གལ་ཆེའི་རང་བཞིན་སྐོར་ལ། དཔེ་ཀློག་བྱས་ན་དྲན་ཤེས་བརྟན་པོར་གནས་ཐུབ་པ་དང་ཤེས་རབ་ཡག་ཏུ་འགྲོ་བ་མ་ཟད། རྨོངས་པ་ལས་མཁས་པའི་གོ་འཕང་ཐོབ་ཀྱི་ཡོད་པ་དང་། དེ་ཡང་ཉིན་རེ་བཞིན་དཔེ་དེབ་ཀློག་ན་དྲན་པ་བརྟན་པོར་གནས་ཐུབ་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༡༦ (Yale) སློབ་ཆེན་གྱིས་དཔེ་དེབ་ཀློག་མཁན་གྱི་མི་ཁྲི་གཉིས་ལ་ལོ་ ༡༢ རིང་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། ཉིན་རེར་ཉུང་མཐར་ཡང་དུས་ཚོད་ཕྱེད་ཀའི་རིང་དེབ་ཀློག་མཁན་ཚོ་ལོ་ཚད་རིང་དུ་གནས་ཐུབ་ཀྱི་ཡོད་པ་དང་། ནང་པའི་གཞུང་གི་མདོ་དྲན་པ་ཉེར་བཞག་གི་ནང་དུ་བྱམས་པ་དང་སྙིང་རྗེ་སོགས་སྒོམ་ན་སེམས་ག་ཚོད་ཀྱིས་ལྷོད་པོ་དང་། ཁྲག་སྙོམ་པོ། འཕྲོད་བསྟེན་ཡག་པོ་སོགས་འབྱུང་གི་ཡོད་སྐོར་སྔོན་མ་ནས་གསུངས་ཡོད་པ་རེད། གསུངས་སོང་།

ལྗང་རླུང་དཔེ་མཚམས་ཁང་ཞེས་པའི་སྐད་འཕྲིན་ཚོགས་པའི་གསལ་བསྒྲགས་ལྟར་ན། ལྗང་རླུང་དཔེ་ཀློག་བྱ་འགུལ་གྱིས་ལྗང་རླུང་ཕུལ་བྱུང་དཔེ་ཆ་བ་དང་ལྗང་རླུང་དཔེ་ཆ་བ། ལྗང་རླུང་དཔེ་ཀློག་པ་དང་བཀླགས་བྱང་ཞེས་དབྱེ་བ་གསུམ་དུ་ཕྱེས་ཡོད་པའི་ཁྲོད། ལྗང་རླུང་ཕུལ་བྱུང་དཔེ་ཆ་བས་ལོ་གཅིག་རིང་དཔེ་ཆ་ ༡༠༠ ཀློག་དགོས་པ་མ་ཟད། བཀླགས་བྱང་ཡང་ ༡༠༠ བོད་ཡིག་ཐོག་ནས་འབྲི་དགོས་ཀྱི་ཡོད་པ་དང་། ལྗང་རླུང་དཔེ་ཆ་བས་ལོ་གཅིག་རིང་དཔེ་ཆ་ ༥༠ དང་བཀླགས་བྱང་ ༥༠ བོད་ཡིག་ཐོག་འབྲི་དགོས། ལྗང་རླུང་དཔེ་ཀློག་པས་ལོ་གཅིག་ནང་དཔེ་ཆ་ ༢༥ བཀླགས་པའི་བཀླགས་བྱང་བོད་ཡིག་ནང་འབྲི་དགོས་པ་དང་། བྲིས་པའི་བཀླགས་བྱང་དང་བཀླགས་པའི་དཔེ་ཆ་རིམ་གྱིས་དུས་བཅད་ནང་བཀླགས་པ་དང་བྲིས་པ་རྐྱང་ལས་ལོ་སྔོན་མར་བྲིས་པ་དག་འགྲན་བསྡུར་ནང་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། དཔེ་ཀློག་གི་དུས་ཡུན་དེའང་ལོ་གཅིག་འཁོར་མཚམས་སུ་བཀླགས་གྲངས་ཞིབ་བཤེར་གནང་གི་ཡོད་འདུག

ལྗང་རླུང་ཚོགས་པ་ནི་ཐོག་མར་ཕྱི་ལོ་ ༢༠༠༧ ལོར་སེ་ར་ཐེག་ཆེན་གླིང་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་གྲྭ་རྐྱང་འགས་བཙུགས་ཡོད་པ་དང་། འདས་པའི་ལོ་དེ་དག་གི་རིང་ཚགས་པར་དང་འཆད་འཁྲིད་དཔེ་ཀློག་ལམ་སྟོན་སོགས་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་འགུལ་རིམ་པར་སྤེལ་ཡོད་པ་དང་། ལོ་སྔོན་མར་ལྗང་རླུང་དཔེ་ཀློག་གི་སྐད་འཕྲིན་ཚོགས་པ་བཙུགས་ཤིང་། འདི་ལོར་ལྗང་རླུང་ཚོགས་པ་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ལྗང་རླུང་དཔེ་ཀློག་པའི་བྱ་འགུལ་འདི་སྤེལ་ཡོད་འདུག ཚོགས་པའི་སྒྲིག་གཞི་ལྟར་ན་ཚོགས་མི་ཚང་མས་ངེས་པར་དུ་ཟླ་རེའི་ནང་དཔེ་དེབ་གཅིག་རེ་ཀློག་དགོས་ཤིང་། དཔེ་ཆ་དེ་བཀླགས་པའི་ཟིན་ཐོ་དང་། ཡང་ན་བཀླགས་ཚོོར་སོགས་ཚོགས་པའི་ནང་ངེས་པར་དུ་བཤད་དགོས་ཀྱི་ཡོད་འདུག  དཀའ་གནད་དང་དོགས་གནས་གང་ལ་འཕྲད་ཀྱང་ལྗང་རླུང་དཔེ་ཀློག་སྐད་འཕྲིན་ཚོགས་པའི་ནང་འདྲི་རྩད་བྱས་ན་དྲིས་ལན་གནང་གི་ཡོད་པ་མ་ཟད། དཔེ་ཆ་ཇི་ལྟར་ཀློག་དགོས་པ་དང་། དཔེ་ཆའི་ནང་དོན་འཚོལ་སྟངས། བཀླགས་ཐོ་ཇི་ལྟར་འབྲི་བ། ཅིའི་ཕྱིར་འབྲི་དགོས་སོགས་ཀྱི་ཐད་ལམ་སྟོན་རང་བཞིན་གྱི་འཆད་འཁྲིད་གནང་མཁན་ཡང་ཡོད་འདུག

 

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply