ད་ལོར་དགེ་བཤེས་མ་བཅུ་འཐོན་འཆར་འདུག

དགེ་བཤེས་མ་ཐོན་པའི་བཙུན་མ་ཚོས་གསང་སྔགས་སྦྱང་སྟེ་གསང་སྔགས་ཀྱི་ལག་འཁྱེར་འཐོབ་སོང་ན་ཆོས་ཕྱོགས་ནས་བཙུན་མའི་ལག་འཁྱེར་ཡོངས་སུ་རྫོགས་པ་ཐོབ་སོང་བ་རེད་ཟེར།ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༦ བར་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ཉེ་འཁྲིས་བཙུན་དགོན་སྒྲོལ་མ་གླིང་དུ། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྐབས་དྲུག་པའི་དགེ་བཤེས་མའི་རྒྱུགས་སྤྲོད་དེ་ཉིན་གྲངས་ ༡༡ རིང་གནང་ཡོད་པ་དང་། ཐེངས་འདིའི་རྒྱུགས་སྤྲོད་ནང་རྒྱ་གར་དང་བལ་ཡུལ་གཉིས་ནས་བོད་ཀྱི་བཙུན་དགོན་ཁག་ ༤ ཡི་ལོ་རིམ་དང་པོ་དང་གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་བཙུན་མ་ཁྱོན་ ༤༥ མཉམ་ཞུགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་དགའ་ལྡན་ཆོས་གླིང་གི་མཁན་པོ་དང་།  དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་དགེ་ལེགས་བསམ་འགྲུབ་ལགས་སུ་ད་རེས་རྒྱུགས་སྤྲོད་སྐོར་དྲིས་པར་ཁོང་གིས། དགེ་བཤེས་མའི་རྒྱུགས་སྤྲོད་ཐོག་མ་དེ་ཕྱི་ལོ་ ༢༠༡༣ ལོར་མགོ་བཙུགས་པ་རེད། དགེ་བཤེས་མའི་རྒྱུགས་སྤྲོད་འདི་སྔོན་མ་ཡིན་ན་ཆོས་རིག་ལས་ཁུངས་ཀྱིས་གཙོ་འགན་འཁུར་བའི་ཐོག་བཙུན་མའི་ལས་འཆར་ཁང་དང་དགོན་སྡེ་ཁག་ནས་རོགས་རམ་ཅུང་ཙམ་རེ་གནང་གི་ཡོད་ཀྱང་། ན་ནིང་ནས་བཟུང་ཆོས་རིག་ལས་ཁུངས་ཀྱིས་བཙུན་དགོན་ཁག་ལ་རྩིས་སྤྲོད་བྱས་སྟབས། ཟུར་དུ་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཤིག་བཙུགས་ཡོད་པ་རེད། ད་ལོ་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་ ༦ པ་དེ་ཆགས་ཡོད་པ་དང་། རྒྱུགས་སྤྲོད་བྱེད་ཡུལ་དེ་བཙུན་དགོན་ཁག་རེས་བསྐོར་བྱས་ནས་ཚོགས་ཀྱི་ཡོད། སྤྱིར་བཏང་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་འོག་ཁྱོན་བཙུན་དགོན་ཁག་ ༦ ཡོད་པ་ལས་འདི་ལོར་བཙུན་དགོན་ཁག་ ༤ ནས་རྒྱུགས་ཞུགས་བཙུན་མ་ ༤༥ ཡོད། ཅེས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་ནང་བོད་ཀྱི་ཆོས་བརྒྱུད་ཁག་གི་བཙུན་དགོན་ཚང་མ་འཛུལ་ཞུགས་བྱེད་ཆོག་གི་ཡོད་ཀྱང་། རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ནི་བཙུན་དགོན་སོ་སོའི་ནང་ལོ་ ༡༧ ལ་སློབ་སྦྱོང་བྱས་ཏེ་ཡིག་རྒྱུགས་འཕྲོད་པ་ཞིག་དགོས་ཀྱི་ཡོད་སྟབས། ད་ལྟའི་བར་ཆོས་བརྒྱུད་གཞན་གྱི་བཙུན་མ་འཛུལ་ཞུགས་བྱེད་མཁན་བྱུང་མེད་སྐོར་བརྗོད་བྱུང་།

དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་འགྲོ་གྲོན་ག་འདྲ་གཏོང་གི་ཡོད་སྐོར་དྲིས་པར་ཁོང་གིས། རྒྱུགས་སྤྲོད་སྐབས་ཀྱི་བཙུན་མ་ཚོའི་འགྲོ་གྲོན་བཙུན་མའི་ལས་འཆར་ཁང་ནས་གཏོང་གི་ཡོད་པ་རེད།  རྒྱུགས་སྤྲོད་ལ་དྲི་བ་བཟོ་མཁན་དང་དག་བཅོས་བྱེད་མཁན་གདན་ས་ཁག་ནས་དགེ་བཤེས་ཚོ་གོ་སྒྲིག་བྱས་ཏེ་ཁོང་ཚོར་ཆོས་རིག་ལས་ཁུངས་ནས་འགྲོ་གྲོན་གཏོང་གི་ཡོད། བཀའ་དྲིན་ཆེན་པོ་ཞེ་དྲགས་རེད། རྒྱུགས་སྤྲོད་ལ་ཞུགས་མཁན་བཙུན་མ་ཚོ་ཟླ་གཅིག་སྔོན་ལ་བཙུན་དགོན་སྒྲོལ་མ་གླིང་དུ་འབྱོར་ཏེ་རང་སྦྱོང་གནང་ཡོད་པ་དང་། ཁོ་ཚོ་ཚང་མས་ང་ཚོས་གོ་སྒྲིག་ཞུས་པ་ནང་བཞིན་སྒྲིག་ལམ་དེ་ཚོ་གསལ་བཤད་རྒྱག་མ་དགོས་པར་ཡག་པོ་བཞུགས་པ་མ་ཟད། ཁོ་རང་ཚོས་ཕྱོགས་ཡོངས་ནས་སྐུ་ལས་བསྐྱོན་སྟེ་རྒྱུགས་སྤྲོད་སྐབས་ཡིན་ན་རེད། དཔེ་ལྟ་བྱེད་པ་སོགས་མ་བྱས་པར་རྒྱུགས་སྤྲོད་ཡག་པོ་བྱུང་སོང་ལ། འཕྲོད་བསྟེན་ཆ་ནས་བཙུན་མ་ཚོར་ནད་མནར་གྱི་རིགས་གང་ཡང་བྱུང་མ་སོང་། ཞེས་བརྗོད་བྱུང་།

དགེ་བཤེས་མ་ཐོན་རྗེས་ག་རེ་གནང་དགོས་དྲིས་པར་ཁོང་གིས། ད་ལྟའི་བར་དགེ་བཤེས་མ་ཐོན་ཟིན་པ་ ༢༦ ཡོད་པ་རེད།  དགེ་བཤེས་མ་ཐོན་རྗེས་གསང་སྔགས་སློབ་སྦྱོང་བྱེད་དགོས་རེད་ཟེར་བའི་སྐད་ཆ་དེ་རང་བཞིན་གྱིས་བསླེབས་ཡོང་གི་ཡོད་རེད། དེའི་འགན་འཁུར་མཁན་གཙོ་བོ་དེ་བཙུན་མའི་ལས་འཆར་ཁང་རེད།   དེ་སྔོན་ལྕམ་རིན་ཆེན་མཁའ་འགྲོ་ལགས་ནས་ཡར་༧གོང་ས་མཆོག་ལ་སྙན་གསན་ཞུས་ཏེ་གསང་སྔགས་སློབ་སྦྱོང་བྱོས་ཞེས་བཀའ་གནང་བ་ལྟར། ད་ལྟ་ཐོན་ཟིན་པའི་དགེ་བཤེས་མ་ ༢༦ གིས་སྒྲོལ་མ་གླིང་དུ་གསང་སྔགས་སྦྱོང་བཞིན་པ་རེད། ཁོང་ཚོར་རྒྱུད་སྟོད་དུ་འདུལ་བ་བྱེ་བྲག་གི་དཔེ་འཁྲིད་གནང་གི་ཡོད་པ་རེད། རྗེས་མ་ལོ་གསར་ཡས་མས་ཤིག་ལ་ཁོང་ཚོས་གསང་སྔགས་བལྟས་ཚར་འགྲོ་བ་རེད། དེ་དུས་ཁོང་ཚོར་རྒྱུགས་སྤྲོད་ཅིག་དང་གསང་སྔགས་ཀྱི་ལག་འཁྱེར་ཞིག་འཐོབ་ཐུབ་པའི་འཆར་གཞི་དང་རེ་བ་ཞིག་རྒྱག་གི་ཡོད་ལ། ང་ཚོས་ད་ལྟ་ནས་རྒྱུད་སྟོད་ལ་ཁོང་ཚོར་ལག་འཁྱེར་ཞིག་སྤྲོད་རོགས་ཞེས་ཞུས་བཞག་ཡོད། གལ་སྲིད་རྒྱུད་སྟོད་ནས་འགྲིག་གི་རེད་གསུང་པ་ཡིན་ན། ཆོས་ཕྱོགས་ནས་བཙུན་མ་ཚོར་གསང་སྔགས་ཀྱི་ལག་འཁྱེར་ཞིག་དང་དགེ་བཤེས་མའི་ལག་འཁྱེར་བཅས་ཡོངས་སུ་རྫོགས་པ་འཐོབ་ཀྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱ་གར་ལྷོ་ཕྱོགས་ཀྱི་བྱང་ཆུང་ཆོས་གླིང་གི་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས་སུ་ཡིག་རྒྱུགས་སྐོར་སྐད་ཆ་དྲིས་པར།  ངའི་དགེ་བཤེས་མའི་ཡིག་རྒྱུགས་ད་ལོ་མཐའ་མ་ཆགས་ཡོད་པ་རེད། ནམ་རྒྱུན་ལྟ་བཞིན་ཡོད་པའི་གཞུང་དེ་ཙམ་ཁག་པོ་བྱུང་མ་སོང་། དེ་མིན་ཡན་ལག་སློབ་ཚན་གྱི་ཚན་རིག་ལ་སོ་སོས་རང་སྦྱོང་ལྟ་བུ་བྱེད་དགོས་ཀྱི་ཡོད་སྟབས་ཏོག་ཙམ་དཀའ་ལས་བྱུང་སོང་། སྤྱིར་ང་ཚོའི་བཙུན་དགོན་ནང་ཚན་རིག་དགེ་རྒན་ཡོད་པ་རེད་དེ། ང་ཚོ་དགེ་བཤེས་མའི་ཡིག་རྒྱུགས་སྤྲོད་མཁན་ཡིན་རྐྱེན་དམིགས་བསལ་གྱིས་བསླབ་མཁན་དེ་འདྲ་ཡོད་པ་མ་རེད། ཅེས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་ནང་མ་ཞུགས་སྔོན་དུ་ལོ་ ༡༧ ཙམ་ལ་སློབ་གཉེར་བྱས་པ་དང་། དེ་ནས་ལོ་བཞི་རིང་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པའི་གོ་སྐབས་རག་པ་དེ་སྐལ་པ་བཟང་པོ་རེད་བསམ་སྟེ། ཧ་ཅང་དགའ་ཚོར་ཆེན་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།

ད་ལོའི་དགེ་བཤེས་མའི་ལོ་རིམ་དང་པོའི་རྒྱུགས་སྤྲོད་ནང་བཙུན་མ་ ༡༢ དང་ལོ་རིམ་གཉིས་པའི་ནང་བཙུན་མ་༡༤ ། ལོ་རིམ་གསུམ་པའི་ནང་བཙུན་མ་༨ ། དེ་བཞིན་ལོ་རིམ་བཞི་བའི་ནང་བཙུན་མ་ ༡༠ བཅས་ཡོད་པ་དང་། འདི་ལོའི་དགེ་བཤེས་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་འཇམ་དབྱངས་དགུན་ཆོས་སྐབས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༧

Leave a Reply