བྷུན་ཏར་དགེ་འོས་མཐོ་སློབ་ཁང་སྒོ་བརྒྱབས་ནས་ལོ་ ༤ ལྷག་ཕྱིན།

སློབ་མ་ཇེ་ཉུང་དུ་ཕྱིན་པ་སོགས་དཀའ་ངལ་རེ་གཉིས་ཀྱི་རྐྱེན་གྱིས་ཀུ་ལུ་རྫོང་ཁོངས་སུ་ཡོད་པའི་བྷུན་ཏར་དགེ་འོས་མཐོ་སློབ་ཁང་སྒོ་བརྒྱབས་ནས་ལོ་ ༤ ལྷག་འགྲོ་བཞིན་འདུགབོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་ཚོགས་ཐུབ་ཀྱི་མེད་པའི་གླེང་སློང་ཞིག་སྔོན་མ་ནས་ཡོང་གི་ཡོད་པ་དང་། ཉིན་ཤས་སྔོན་འདི་གའི་གསར་འགོད་པ་ས་གནས་སྐོར་སྐྱོད་ཅིག་དང་སྟབས་བསྟུན་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་ཕྱིན་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། མཐོ་སློབ་ཀྱི་སློབ་མ་དང་དགེ་རྒན་ཚང་མ་ཝ་ཎ་དབུས་གཙུག་ལག་མཐོ་སློབ་ཁང་དུ་སྤོས་རྗེས་དགེ་འོས་མཐོ་སློབ་ཁང་སྟོང་པ་ཆགས་ནས་ལོ་བཞི་ལྷག་འགྲོ་བཞིན་ཡོད་པ་དང་། ཁང་སྲུང་རྒྱ་གར་བ་ཞིག་འདུག་པ་དེས་ད་ལྟ་ཁོ་རང་གཅིག་པུས་ཁང་པ་རྣམས་སྲུང་ནས་བསྡད་ཡོད་པ་ལས་གཞན་སྡོད་མཁན་གཅིག་ཀྱང་མེད་སྐོར་བརྗོད་བྱུང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་དང་དེང་རབས་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ། དགེ་འོས་མཐོ་སློབ་ཁང་སྒོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་དྲིས་པར་ཁོང་གིས། མ་གཞི་དང་པོར་དགེ་རྒན་འོས་སྦྱོང་ལྟེ་གནས་ཁང་དེ་སློབ་གྲྭ་ཡིན་ན་ཡང་སློབ་མ་ཇེ་ཉུང་ལ་སོང་བ་སོགས་དཀའ་ངལ་རེ་གཉིས་འཕྲད་པའི་རྐྱེན་གྱིས་སྒོ་བརྒྱབས་པ་རེད། དེ་ནས་སློབ་གྲྭའི་ས་ཆ་དང་མཐུན་རྐྱེན་སོགས་ཡག་པོ་ཡོད་དུས་སྐབས་དེར་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དགེ་རྒན་སློབ་འཁྲིད་བྱེད་མཁན་དགོས་པར་བརྟེན། སློབ་གྲྭ་དེ་ཆེད་ལས་དགེ་རྒན་འོས་སྦྱོང་ལྟེ་གནས་ཁང་བཟོས་པ་རེད། དགེ་རྒན་འོས་སྦྱོང་ལྟེ་གནས་ཁང་བཟོ་བར་གཙུག་ལག་སློབ་གཉེར་ཁང་ཞིག་གི་ངོས་འཛིན་དགོས་ཀྱི་ཡོད་དུས། ང་ཚོའི་ངོས་ནས་ཝ་ཎ་གཙུག་ལག་སློབ་གཉེར་ཁང་ལ་ཞུས་པ་རེད་ལ། དགེ་རྒན་འོས་སྦྱོང་ལྟེ་གནས་ཁང་བཟོ་བར་རྒྱ་གར་གཞུང་གི་ཆེས་མཐོའི་ལྷན་ཚོགས་ཤིག་གི་ངོས་ནས་དགེ་རྒན་གྱི་བསླབ་གཞི་དང་མཐུན་རྐྱེན། ཁོར་ཡུག་སོགས་ལ་ཞིབ་མཇུག་བྱ་དགོས་ཡོད་དུས། དེ་དག་ཆ་ཚང་བ་ངོས་འཛིན་ཡོད་མེད་དང་དགེ་རྒན་གྱི་བསླབ་གཞི་སོགས་ལ་ངོས་ལེན་ཡོད་མེད་སོགས་ཀྱི་དཀའ་ངལ་འཕྲད་དེ་གནས་སྐབས་རིང་ཝ་ཎ་མཐོ་སློབ་ཁང་ལ་གནས་སྤོ་དགོས་བྱུང་བ་རེད། ཅེས་བརྗོད་བྱུང་།

མ་འོངས་པར་སློབ་གྲྭའམ་ལྟེ་གནས་ཁང་དེ་བེད་སྤྱོད་ག་འདྲ་གཏོང་རྩིས་ཡོད་མེད་དང་། ལྟེ་གནས་ཁང་དེ་ནས་དགེ་རྒན་འོས་སྦྱོང་ཐེངས་ག་ཚོད་བསྡུས་ཡོད་དྲིས་པར། མ་འོངས་པར་ག་རེ་ལ་བེད་སྤྱོད་གཏོང་རྩིས་ཡོད་མེད་གསལ་བོ་ཞིག་བཤད་ཚོད་ཐུབ་ཀྱི་མི་འདུག་མོད། ད་ལྟའི་ཆར་དགེ་རྒན་སོགས་འདང་ངེས་ཤིག་ཡོད་དུས་ལོ་རྗེས་མ་ནས་དགེ་རྒན་འོས་སྦྱོང་གནས་སྐབས་རིང་མཚམས་འཇོག་གི་ཡོད་པ་རེད། སྤྱིར་ལྟེ་གནས་ཁང་དེ་ནས་དགེ་རྒན་འོས་སྦྱོང་ལོ་གསུམ་ལས་ཚོགས་མ་ཐུབ་པར་ཝ་ཎ་མཐོ་སློབ་ཁང་ལ་སྤོས་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་དགེ་རྒན་འོས་སྦྱོང་ཐེངས་དང་པོ་དེ་ཐོན་པ་ནས་ད་ལོ་བར་ཐེངས་གསུམ་ཐོན་ཡོད་ན་ཡང་། དེ་དག་ཚང་མ་ཝ་ཎ་གཙུག་ལག་སློབ་གཉེར་ཁང་ནས་ཐོན་ཡོད་པ་མ་གཏོགས་བྷུན་ཏར་ནས་ཚོགས་ཐུབ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དབུ་འཛུགས་གནང་བའི་གནས་ཚུལ་ནང་། བཀའ་ཤག་གི་ལམ་སྟོན་དང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་བྷུན་ཏར་དུ་དགེ་འོས་མཐོ་སློབ་ཁང་ཞིག་གསར་འཛུགས་གནང་སྟེ། ལོ་དེའི་ཕྱི་ཟླ་༩ ཚེས་ ༣ ཉིན་ནས་བཟུང་སློབ་གྲྭ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དགེ་རྒན་འོས་སྦྱོང་ལྟེ་གནས་ཁང་དེར་ལོ་བཞི་ཅན་གྱི་གཅིག་བསྡུས་དགེ་རྒན་འོས་སྦྱོང་(B.Sc. B.Ed/B.A.B.Ed)དང་། གཞན་ཡང་ལོ་གཅིག་རིང་གི་འབྲིང་རིམ་དགེ་རྒན་འོས་སྦྱོང་།(B.Ed)ཡང་སྤྲོད་རྒྱུ་ཡིན་ལ། དེ་བཞིན་ཚན་རིག་དང་སྒྱུ་རྩལ་གྱི་སློབ་ཚན་ཁག་སོ་སོའི་ཐོག བོད་ཡིག་དང། དབྱིན་ཡིག སློབ་འཁྲིད་རིག་པ་བཅས་ངེས་ཅན་གྱི་སློབ་ཚན་དུ་ལེན་དགོས་པ་དང་གཅིག་བསྡུས་དགེ་རྒན་འོས་སྦྱོང་འདིའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་ཁག་ལ་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཤེས་ཡོན་ལྷན་ཚོགས་(NCTE) ནས་ངོས་འཛིན་བཀའ་འཁྲོལ་ཐོབ་ཟིན་པ་མ་ཟད། རང་རེའི་སྤྱི་ཚོགས་ནང་རྨང་གཞི་བརྟན་པོ་ཡོད་པའི་དགེ་རྒན་གསོ་སྐྱོང་བྱེད་ཐབས་ཀྱི་གསར་གཏོད་རང་བཞིན་ཅན་གྱི་ལས་འཆར་ཞིག་ཀྱང་ཡིན་སྐོར་འཁོད་འདུག

བྷུན་ཏར་དགེ་འོས་མཐོ་སློབ་ཁང་ནི་མ་ནཱ་ལེ་ནས་སྤྱི་ལེ་ ༣༠ ཙམ་གྱི་སར་གནམ་ཐང་ཆུང་ཆུང་ཞིག་གི་ཉེ་འགྲམ་དུ་ཡོད་པ་དང་། སློབ་གྲྭའི་ར་སྐོར་ཆུང་ཆུང་ཞིག་ལས་མེད་ན་ཡང་སློབ་གྲྭའི་ལས་ཤག་དང་འཛིན་ཁང་། སློབ་གཉེར་བའི་སྡོད་ཁང་སོགས་ཧ་ཅང་སྤུས་དག་ཡོད་པ་མ་ཟད། ཆུ་རྐྱལ་རྫིང་བུ་དང་སྤོ་ལོ་རྩེད་ཐང་སོགས་མཐུན་རྐྱེན་ཧ་ཅང་འཐུས་ཚང་པོ་ཞིག་འདུག་ཀྱང་། མི་སྡོད་མཁན་མེད་རྐྱེན་འཛིན་ཁང་གི་འཛིན་ཆས་སོགས་ཅ་ལག་རྣམས་ཕྱོགས་གཅིག་ཏུ་བརྩེགས་པ་དང་། ཁོ་ར་ཁོར་ཡུག་གང་སར་རྩྭ་ལྡུམ་རིང་པོ་སྐྱེས་ནས་ཁུ་སིམ་མེར་ལྷག་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply

6 thoughts on “བྷུན་ཏར་དགེ་འོས་མཐོ་སློབ་ཁང་སྒོ་བརྒྱབས་ནས་ལོ་ ༤ ལྷག་ཕྱིན།

  1. ཚེ་རིང་རྡོ་རྗེ།

    ༧གོང་ས་མཆོག་གི་ཐུགས་རྗེ་དང་། གཟི་བརྗིད་སོགས་ཀྱི་བཀའ་དྲིན་ལ་བརྟེན། ཁོར་ཡུག་སོགས་གང་ཅིས་ཧ་ལས་པའི་འཛུགས་བསྐྲིན་ཡག་པོ་བྱུང་འདུག འོན་ཀྱང་འགྲོ་སོང་དེ་འདྲ་ཞིག་བཏང་རྗེས་རྒྱུན་འཁྱོངས་མ་ཐུབ་པར་སྒོ་བརྒྱབས་འདུག་པ་སོགས་ཧ་ཅང་གི་ཐབས་སྐྱོ་པོ་རེད།
    ད་ལྟ་ཁང་སྟོང་ཡིན་ཡང་སྲིད་སྐྱོང་སློབ་བཟང་སངས་རྒྱས་སྲིད་སྐྱོང་འཁྱོར་རྗེས་ད་ལྟའི་བཀའ་བློན་རྣམས་བཀའ་ཟུར་ཆགས་ངེས་རེད། སྐབས་དེར་ད་ལྟའི་ཁང་སྟོང་འདི་དག་ཁོང་ཚོ་འདུག་སའི་ཆེད་དུ་ཁོང་ཚོའི་ནང་མི་སོགས་ལ་སྤྲད་ན་ཡག་གི་རེད། མང་ཚོགས་ལ་ཅང་དགོས་གི་མ་རེད། བླ་མ་མཁྱཻན།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བ་དེ་ཉལ་སྟངས་ལ་ལྟས་ན་བེའུ་ཀེ་ཀྱོག་གཅིག་ཡིན་པ་
    ཐག་ཆོད་ཟེར་བའི་དཔེ་དེ་བདེན་བྱུང་རོགས་དངུལ་ཕྲོ་
    རླག་།
    གཞིས་ཆགས་ཁག་ནང་གཞིས་མི་ཉུང་དུ་འགྲོ་བའི་དཀའ་ངལ་།
    ས་ཞིང་འདེབས་ལས་དང་བ་ཕྱུགས་གསོ་ཉར་མེད་པའི་དཀའ་ངལ་།
    གཏན་ཉིན་སློབ་གྲའི་ནང་སློབ་ཕྲུག་ཉུང་དུ་འགྲོ་བའི་དཀའ་ངལ་།
    དགེ་རྒན་སྦྱོངས་དར་ཁང་དུ་འཛུལ་མཁན་མེད་པའི་དཀའ་ངལ་།
    དེ་ཚོ་ལྔ་དང་ལྔ་བཅུའི་ལས་འཆར་དང་འབྲེལ་བ་མེད་པ་ཡིན་ནམ་།