བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་གསེར་གྱི་གཟེངས་རྟཊ་འབུལ་གཏན་འཁེལ།

སུད་སིའི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་རྟགས་མ་ཐེངས་གསུམ་པ་དེ་བདེ་སྲུང་བཀའ་ཟུར་དང་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཐོག་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་གཏན་འཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྐབས་བཅུ་པའི་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཀྱི་གོ་སྒྲིག་འོག གྲོང་ཁྱེར་ཛུ་རིག་ནང་སུད་སིར་གནས་སྡོད་མདོ་སྨད་མི་མང་གི་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་དམངས་གཙོའི་འགྲོ་ལུགས་ལྟར་སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་རིམ་པ་གཉིས་བརྒྱུད། སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་དེ། བདེ་སྲུང་བཀའ་བློན་ཟུར་པ་དང་ལྡི་ལི་དོན་གཅོད་ལས་ཐོག་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་བར་མང་མོས་ཐག་གཅོད་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ནང་སུད་སི་ས་གནས་མདོ་སྨད་ཚོགས་ཆེན་ཐོག་ས་གནས་མདོ་སྨད་མི་མང་ནས་གསེར་གྱི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མི་མཚན་འདོན་དགོས་པ་དང་། དེ་ནས་དམངས་གཙོའི་འགྲོ་ལུགས་ལྟར་མང་མོས་འོས་ཤོག་བླུགས་པ་བརྒྱུད་ཐག་གཅོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྔོན་སོང་ལྟར། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ས་གནས་མདོ་སྨད་མི་མང་གི་ཚོགས་འདུའི་ཐོག་འོས་ཤོག་འཕངས་ཡོད་འདུག

གནས་ཚུལ་འདིའི་སྐོར་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཞོན་སྟག་ཚང་དཀོན་མཆོག་ལགས་ཀྱིས། ད་རེས་ཀྱི་གཟེང་རྟགས་འབུལ་རྒྱུའི་ཐད་མི་མང་ལ་གསལ་བཤད་སྔ་ས་ནས་རྒྱུན་ལས་ཀྱི་ངོས་ནས་ཞུས་ཡོད་རེད། གསལ་བཤད་ག་རེ་ཞུས་པ་རེད་ཞུས་པ་ཡིན་ན། རྩ་བའི་གཟེངས་རྟགས་འདིའི་ཐོག་མའི་དམིགས་ཡུལ་བཞིན་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་གནས་བབ་ཉག་ཕྲ་ཞིང་གཉན་ཕྲེང་ཅན་གྱི་དུས་ཚོད་ནང་། སྤྱིར་བསྟན་སྲིད་མི་རིགས་སྤྱི་དང་། ཡང་སྒོས་༧གོང་ས་མཆོག་གི་དགོངས་གཞིའི་ཐོག་ཤར་སྐྱོད་གནང་མཁན་དང་དབུས་བོད་མིའི་སྒྲིག་འཛུགས།  བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐད་མཛད་རྗེས་རླབས་ཆེན་སྐྱོང་མཁན་ཞིག་ལ་འབུལ་ཐབས་དགོས་རྒྱུ། དེ་ཡང་ཆོལ་ཁ་དང་། ལུང་ཚན། གྲུབ་མཐའ་སོགས་ཀྱི་ཕྱོགས་ཞེན་དབང་དུ་མ་སོང་བའི་ཐོག་ནས་འོས་མི་འདོན་དགོས་པའི་ལམ་སྟོན་ཞུས་དོན་ལྟར། ད་རེས་མི་མང་གིས་བདེ་སྲུང་བཀའ་བློན་ཟུར་པ་ལྡི་ལི་དོན་གཅོད་ལས་ཐོག་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་མི་ལོ་༤༠ ལྷག་གི་རིང་བོད་ཀྱི་བདེ་རྩ་སྤྱི་དང་། ལྷག་དོན་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་གི་ལས་དོན་ཆེ་ཕྲ་ཆུང་གསུམ། དམིགས་བསལ་བོད་ནང་གི་ཆབ་སྲིད་ཀྱི་གནས་བབ་ཁག་དང་། བོད་ཀྱི་ཆབ་སྲིད་བཙོན་པའི་བདེ་སྡུག་ལ་འགན་ལེན་གནང་སྟངས་སོགས་མཛད་རྗེས་རླབས་ཆེན་སྐྱོང་སྟངས། བོད་ཕྱི་ནང་གཉིས་ནས་མི་མང་གི་ཡིད་ཆེས་བློ་འཕེར་ཡོད་སའི་གཞུང་ཞབས་པ་རྒན་གྲས་ཤིག་ཡིན་པ་བཅས་ལ་དམིགས་ཏེ།  མི་མང་ཚོགས་འདུའི་ཐོག་སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་གི་བརྒྱུད་རིམ་གཉིས་ཀྱི་ཐོག་ཚད་མཐོའི་མང་མོས་འོས་ཤོག་ཐོབ་སྟེ། ཐེངས་གསུམ་པའི་སུད་སིའི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་དེ་སྐུ་ངོ་མཆོག་ལ་འབུལ་རྒྱུའི་ཐག་གཅོད་བྱུང་སོང་ལ། ཐག་གཅོད་བྱུང་མ་ཐག་སྐུ་ངོ་མཆོག་ལ་ཞལ་པར་བརྒྱུད་སྙན་གསེང་ཞུས་ཡོད། མི་མང་གི་ཐག་གཅོད་ལྟར་ན་ལོ་རྗེས་མར་གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་སྐུ་ངོ་མཆོག་དངོས་སུ་གདན་འདྲེན་ཞུས་ཏེ། གཟེངས་རྟགས་འདི་མི་མང་གིས་ཐད་ཀར་འབུལ་ཐབས་ཞུ་རྒྱུ་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

སུད་སིའི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འདི་ནི་ཕྱི་ལོ་༢༠༡༢ ལོ་ནས་སུད་སིའི་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་གཙོ་འཇམ་དཔལ་བཀྲ་ཤིས་ལགས་ཀྱི་གཙོས་པའི་རྒྱུན་ལས་རྣམས་དང་། ཡུ་རོབ་ནང་གནས་སྡོད་མདོ་སྨད་པའི་ཤེས་ཡོན་པ་དང་། རྒན་རབས་པ་ཁག་ཅིག་གིས་གྲོས་བསྡུར་རིམ་བྱུང་ཐོག བོད་པའི་ཉེ་རབས་དཀའ་སྡུག་གཉན་འཕྲང་གི་ལོ་རྒྱུས་ཁྲོད་མཛད་རྗེས་རླབས་ཆེན་སྐྱོང་མཁན་བོད་ཀྱི་སྲིད་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་ཞིག་ལོ་གསུམ་རེའི་མཚམས་སུ་འབུལ་གཏན་ཁེལ་བ་ལྟར། སྤྱི་ལོ་༢༠༡༣ ལོར་སུད་སིའི་མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་དེ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕུལ་ཡོད་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་༢༠༡༦ ལོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་འདུག

 

གནས་ཚུལ་མཁོ་གཏོང་བ་ཙ་ཡུས་ཕུན་ཚོགས།

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply

4 thoughts on “བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་གསེར་གྱི་གཟེངས་རྟཊ་འབུལ་གཏན་འཁེལ།

  1. ཆོལ་ཁ་གང་འདྲ་ཞིག་ཡིན་རུང་བྱས་པ་དྲིན་གཟོ་བའི་ཕྱིར་ཆོལ་ཁ་དང་ལུང་ཚན་དབྱེ་བ་མེད་པར་དོན་དམ་པའི་༸གོང་ས་མཆོག་གི་ཅི་གསུངས་བཀའ་སྒྲུབ་ཞུ་མཁན་གྱི་མི་སྣ་མཛད་རྗེས་ཅན་རྣམས་ལ་གཟེངས་བསྟོད་གནང་བ་བཅོས་མིན་གྱི་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་རེས་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་འདི་ཉིད་མདོ་སྨད་མི་མང་གིས་འབུལ་བཞིན་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྗེས་སུ་ཆོལ་ཁ་གང་འདྲ་ཞིག་གིས་འབུལ་རུང་ཚང་མར་སྔོན་ཚུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  2. ༄༅། སུད་སི་མདོ་སྨད་མི་མང་ནས་གསེར་གྱི་གཟེངས་རྟགས་དེ་བཞིན་བཀའ་ཟུར་སྐོུ་འབྲོང་ཆུང་དངོས་གྲུབ་མཆོག་ལ་
    འབུལ་གཏན་འཁེལ་བར་བསྔགས་བརྗོད་དང་བཀྲིས་བདེ་ལེགས་ཞུ་གི་ཡོད།
    ཁོང་ཉིད་ནས་ལོ་མང་རིང་བདེ་སྲུང་ལྷན་ཁང་ནང་མགོན་པོ་མཆོག་གི་སྐུ་ཆའི་སྐོར་ལ་ཤིན་ཏུ་ནས་ཐུགས་འགན་
    ཆེན་པོ་བཞེས་གནང་ཡོད་པ་ཀུན་གྱི་མཁྱེན་གསལ་རེད།
    ཐུགས་རྗེ་ཆེ།

  3. བོད་རྒྱའི་དཀའ་ངལ་སེལ་དགོས་པ་ལས་མི་ལོ་དྲུག་བཅུ་རྫོགས་ནས་ད་དུང་མཉམ་སྦྲེལ་རྒྱལ་ཚོགས་དང་ཨ་རི་ཡུ་རོབ་མཉམ་མཐུན་ཚོགས་སོགས་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བ་བཅོལ་ནས་སྡོད་རྒྱུ་དེ་རང་གི་རང་ལ་མགོ་སྐོར་མ་རེད་དམ་།