ཆོས་ལུགས་ལས་དོན་ལ་སྔར་ལྷག་དོགས་ཟོན་དགོས།

རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་ཡང་གིས་བོད་ནང་ཆོས་ལུགས་ཁག་གི་ལས་དོན་ཐོག་སྔར་ལྷག་དམ་དྲག་དོགས་ཟོན་བྱེད་དགོས་པ་མ་ཟད། ཁ་བྲལ་རིང་ལུགས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ནས་ ༢༦ བར་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་གཙོ་ཝང་ཡང་ཟེར་བ་དེས། བོད་ཀྱི་རྒྱལ་ས་ལྷ་ས་དང་སེ་ར་དགོན་གྱི་གཙོས་ཉེ་འཁོར་དགོན་སྡེ་ཁག མང་ཚོགས། དེ་བཞིན་ཆབ་མདོ་ས་ཁུལ་བཅས་སུ་སྐོར་སྐྱོད་བྱས་ཏེ། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཞེས་པ་དྲིལ་བསྒྲགས་དང་འབྲེལ། བོད་སྐྱོང་ཐབས་ཇུས་ཟེར་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལག་བསྟར་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་ལྟ་ཞིབ་བྱས་ཡོད་འདུག

སྐབས་དེར་ཝང་ཡང་གིས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་གནས་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པས། ངེས་པར་དུ་གྲ་སྒྲིག་སྤུས་གཙང་བྱས་ཏེ་ཆོས་ལུགས་ཀྱི་ལས་དོན་ཁག་གི་ཐོག་སྔར་ལྷག་གིས་དམ་དྲག་དང་དོགས་ཟོན་ཤུགས་ཆེན་དགོས་སྐོར་བརྗོད་ཡོད་འདུག་ལ། ད་ལན་ཝང་ཡང་བོད་རང་སྐྱོང་ལྗོངས་ཀྱི་ནང་སྐོར་སྐྱོད་དུ་ཡོང་དོན་ནི་ཁྲིམས་ལུགས་གསར་པ་དང་ལྷག་པར་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་ཁྲིམས་སྒྲིག་གསར་པ་བཟོས་ཡོད་པ་ཤེས་རྟོགས་ཆེད་ཡོང་བ་ཡིན་སྐོར་བརྗོད་ཀྱི་འདུག

ཡང་ཝང་ཡང་གིས་ཆོས་ལུགས་ཀྱི་ཁྲིམས་ལུགས་ཚད་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཅན་ཞིག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཆོས་ལུགས་ཀྱི་ཁྲིམས་ལུགས་ལས་དོན་ལག་བསྟར་བྱེད་མཁན་ཚོས་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་སླད་ངེས་པར་དུ་ཁ་བྲལ་རིང་ལུགས་ཕྱོགས་ཁག་ལ་ཁ་གཏད་གཅོད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་མགོ་འཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཡོད། ཅེས་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་དགོས་སྐོར་བརྗོད་བཞིན་ཡོད་ཀྱང་། ནང་པ་དང་ཁ་ཆེ། ཡེ་ཤུ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ལ་དྲག་གནོན་དང་དམ་དྲག་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་བསྟུན་མར་ཕྱིར་གྱར་ཡོད་པ་རེད། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེད་མཁས་པའི་ཞིབ་འཇུག་ལྟར་ན། རྒྱ་ནག་གིས་ཤི་ཅང་ཁུལ་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་ ༡ ཙམ་ཞིག་བཀག་ཉར་འོག་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་བཞིན། རྒྱ་ནག་ཧེ་ནན་དུ་ཡོད་པའི་ཡེ་ཤུ་ཆོས་ལུགས་པ་ཞིག་གིས་སྤྱི་ཚོགས་བརྒྱུད་ལམ་དུ་གནས་ཚུལ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ས་ཁུལ་དེའི་མི་མང་ནས་སོ་སོའི་ཆོས་ལུགས་བློས་གཏོང་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་བརྗོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ནང་གཞུང་གི་ཆོག་མཆན་མེད་པའི་ཡེ་ཤུ་ཆོས་ཁང་ ༥༨ ཀྱིས་རྒྱ་ནག་གཞུང་ལ་ཞུ་ཡིག་ཅིག་སྤྲད་དེ། ཆོས་ལུགས་རང་དབང་ལ་གཉའ་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༨/༢༨

Leave a Reply

One thought on “ཆོས་ལུགས་ལས་དོན་ལ་སྔར་ལྷག་དོགས་ཟོན་དགོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཆོས་མཁས་མི་ལེན་པའི་གུང་ཁྲན་སྲིད་གཞུང་ནས་ཆོས་
    ལུགས་ལས་དོན་ལ་དམ་སྒྲགས་བྱ་རྒྱུ་དེ་རྒྱལ་སྤྱིའི་ཆོས་
    ལུགས་ཀྱིས་སྒྲིག་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་
    འགལ་དང་སྒྲིག་འགལ་གྱིས་བྱ་སྤྱོད་ལ་ངོས་འཛིན་དང་
    བཅས་མཉམ་སབྲེལ་རྒྱལ་ཚོགས་ཀྱིས་ཆོས་ལུགས་རང་
    དབང་གི་སྡེ་ཚན་ནས་ཞིབ་འཇུགས་ནན་པོ་གནང་དགོས་
    པའི་འབོད་བསྐུལ་ཞུ་དགོས་པ་དེ་ང་ཚོ་རང་དབང་ལུང་པའི་
    ནང་ཡོད་པའི་དོན་གོ་ཆོད་དགོས་པ་མ་རེད་དམ་།