དགེ་ཕྲུག་ཚོར་ཚུལ་མིན་ཆགས་སྤྱོད་སྤེལ་བའི་ནག་ཉེས་བཙུགས།

གནས་མཆོག་རྡོ་རྗེ་གདན་གྱི་ནང་པའི་ལྟེ་གནས་ཁང་ཞིག་གི་འགན་འཛིན་གྱིས་དགེ་ཕྲུག་ཚོར་ཚུལ་མིན་ཆགས་སྤྱོད་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད།དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་བྷི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་པེར་སན་ནཱ་ཇོ་ཡོ་ཊེ་ནང་བསྟན་སློབ་གྲྭ་དང་སྒོམ་སྒྲུབ་ལྟེ་གནས་ཁང་(Prasanna Jyoti Buddhist School and Meditation Centre)གི་འགན་འཛིན་དགེ་འདུན་པ་བྷན་ཊི་ཤན་བྷུར་ཡ་(Bhante Shanghpriya Sujoy)ཟེར་བ་ཞིག་གིས། ནང་བསྟན་སློབ་གྲྭ་དེར་ཡོད་པའི་དགེ་ཕྲུག་ ༡༥ ལ་ཆགས་སྤྱོད་དང་འབྲེལ་བའི་ཚུལ་མིན་བྱ་སྤྱོད་སྤེལ་བ་དང་ཉེས་རྡུང་བཏང་བ་སོགས་ཀྱི་དོགས་གཞིའི་འོག ཁ་སང་ཉིན་ཉེན་རྟོག་པས་བྷན་ཊི་ཤན་བྷུར་ཡ་འཛིན་བཟུང་བྱས་ནས་འདྲི་རྩད་བྱེད་བཞིན་ཡོད་འདུག

རྡོ་རྗེ་གདན་གྷ་ཡ་གྲོང་ཁྱེར་གྱི་ཆེས་མཐོའི་ཉེན་རྟོག་དཔོན་ཨ་ནཱལ་ཀུ་མར་(Anil Kumar)ལགས་ཀྱིས་གསར་འགོད་པར། གནད་དོན་དེའི་ཐད་ནས་འགན་འཛིན་དགེ་འདུན་པ་དེར་འདྲི་རྩད་དང་ཞིབ་འཇུག་བྱེད་བཞིན་པ་ཡིན་ལ། གལ་ཏེ་ཁྲིམས་འགལ་རིགས་ཀྱི་བྱ་སྤྱོད་སྤེལ་བ་དངོས་སུ་ར་འཕྲོད་བྱུང་ཚེ། བྱིས་པར་ཆགས་སྤྱོད་འགོག་སྲུང་སྐོར་གྱི་རྩ་ཁྲིམས་དོན་ཚན་ ༣༥༤ འོག་ནས་འཛིན་བཟུང་ཉེས་ཁྲིམས་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གར་(First Post)ཞེས་པའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ནང་པའི་ལྟེ་གནས་དེའི་དགེ་ཕྲུག་ཅིག་ཁྱིམ་དུ་བྲོས་ཕྱིན་ཡོད་པ་དང་། ཕྱིས་སུ་དགེ་ཕྲུག་དེར་བྲོས་བྱོལ་དུ་ཕྱིན་པའི་རྒྱུ་རྐྱེན་ཅི་ཡིན་འདྲི་སྐབས། ཉེས་རྡུང་དང་ཆགས་སྤྱོད་བཙན་སྐུལ་སོགས་ལ་གཡོལ་ཆེད་དུ་བྲོས་ཕྱིན་པ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་སྟབས། དགེ་ཕྲུག་ཚོའི་ཁྱིམ་མིས་གནད་དོན་དེ་ཞུ་གཏུག་བྱས་ནས་སྤྱི་ཚོགས་ནང་ཁྱབ་ཡོད་འདུག

ས་གནས་ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། བྱིས་པ་དེ་དག་རྒྱ་གར་ཨ་སཱམ་མངའ་སྡེའི་ཁཱར་བྷེ་ཨན་རྗེ་ལོང(Karbi Anglong)རྫོང་ཁོངས་ནས་ཡིན་ཞིང་། ར་ལོ་ ༦ ནས་ ༡༢  བར་རྐྱང་རྐྱང་ཡིན་པ་དང་། ད་ལྟའི་ཆར་ཉེན་རྟོག་པའི་སྲུང་སྐྱོབ་འོག་བྱིས་པ་དེ་དག་ལ་འདྲི་ཞིབ་བྱས་ཏེ་ཁོ་ཚོའི་སྐད་ཆ་དང་གནས་ཚུལ་ཆ་ཚང་ཁྲིམས་དཔོན་ལ་རྩིས་འབུལ་གྱིས་ཞིབ་འཇུག་བྱ་འཆར་ཡོད་པ་མ་ཟད། བྱིས་པ་ཚོ་སྨན་ཁང་དུ་འཁྲིད་ནས་གཟུགས་པོ་དང་སེམས་ཁམས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་འདུག

ལྟེ་གནས་ཁང་དེར་གནས་ཚུལ་བྱུང་བ་དང་བསྟུན། བྷི་ཧར་མངའ་སྡེ་གཞུང་གིས་བཙུགས་པའི་((Muzaffarpur Shelter Home)ཞེས་པའི་བུ་མོའི་སྡོད་གནས་ཁང་ཞིག་ཏུ་བུ་མོ་༤༠ ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཕྱིར་ཐོན་བཞིན་ཡོད་པ་དང་། གནད་དོན་དེ་དང་འབྲེལ་བའི་དོག་གཞིའི་འོག་སྲིད་གཞུང་གི་ལས་བྱེད་པ་ཚུད་པའི་མི་སྣ་ ༡༡ ལྷག་འཛིན་བཟུང་བྱས་ཡོད་འདུག

བྷི་ཧར་མངའ་སྡེ་ནི་རྒྱ་གར་ནང་བུད་མེད་ལ་བཙན་གཡེམ་དང་རྡུང་རྡེག་མནར་གཅོད་སོགས་བུད་མེད་ཀྱི་ཐོབ་ཐང་གནས་བབ་ཆེས་སྐྱོ་བའི་མངའ་སྡེ་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་རྒྱ་གར་གྱི་བཙན་གཡེམ་གྲངས་ཐོ་ལྟར་ན། ལོ་རེར་རྒྱ་གར་ནང་བུད་མེད་ལ་བཙན་གཡེམ་ཆགས་སྤྱོད་རིགས་ཀྱི་བརྙས་བཅོས་ཀྱི་གནད་དོན་འབུམ་༣༢༧ ལྷག་རེ་བྱུང་གི་ཡོད་པ་ལས། བཙན་གཡེམ་གནད་དོན་རིགས་མང་ཤོས་མ་ཧ་ར་ཤི་ཊ་ར་ནང་ ༤༡༤༤ དང་རཱ་ཇི་སི་ཐན་ནང་ ༣༦༤༤ ། ཨ་སམ་ནང་༢༢༥༡། བྷི་ཧར་ནང་༡༠༤༡ བཅས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༨/༣༠

Leave a Reply

2 thoughts on “དགེ་ཕྲུག་ཚོར་ཚུལ་མིན་ཆགས་སྤྱོད་སྤེལ་བའི་ནག་ཉེས་བཙུགས།

  1. བཀྲིས་ཚེ་རིང་།

    བྱ་སྤྱོད་འདིའི་རིགས་ཀྱིས་མི་དམངས་ཚོའི་སེམས་ཁམས་སུ་བཅོས་སུ་མེད་པའི་རྨ་ཁ་ཆེན་པོ་བཟོ་ཉེན་ཡོད་པས་ཆོས་བྱེད་པ་ཚོས་ངེས་པར་གཟབ་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། སྔོན་དུས་ཆོས་ལུགས་གང་ཡིན་ཡང་མི་དམངས་ལ་སེམས་གསོ་དང་སྙིང་ཁམས་གཏད་སའི་དམིགས་གཏད་ཅིག་རེད། ཡིན་ཡང་ཆོས་བྱེད་པ་ཚོས་ནོར་འཁྲུལ་འཚབ་ཆེན་ཤོར་བ་ལས་རྐྱེན་གྱིས་ད་ཆ་ཆོས་ལུགས་མང་ཆེ་བ་ཉམ་ཟིན་པ་རེད། དེར་བརྟེན་ང་ཚོའི་རིན་བྲལ་གྱིས་ནོར་བུ་འདི་བརླག་པའི་ཉེན་ཆེ་བས་ཆོས་བྱེད་པ་ངེས་པར་གཟབ་དགོས།