སྐྱེས་བ་སྔ་ཕྱི་ཤེས་མཁན་ཡིན་མིན་བརྒྱ་ཆ་བརྒྱ་བརྟག་དཔྱད་བྱ་རྒྱུ་ཡིན།

དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་དགྲ་འདུལ་མཆོག་གིས་ཆོས་གསུང་མཁན་ནང་གཡོ་སྒྱུ་རྫུན་མ་མེད་པའི་ལས་ཀ་ཏག་ཏག་ཅིག་བཟོ་རྒྱུ་ཡིན་པས་རྫུན་མ་བཟོ་མཁན་ཚོས་གཟབ་གཟབ་བྱེད་རོགས་ཞེས་གསུངས་འདུག

ཉེ་སྔོན་དཀར་མཛེས་རྫོང་ཁོངས་སུ་སྔགས་འཛིན་དགའ་བ་འཁྱིལ་བའི་མཐུན་ཚོགས་ཀྱི་ཐེངས་བཞི་པའི་ཚོགས་འདུ་ཞེས་པ་ཞིག་ཚོགས་ཏེ། ནམ་རྒྱུན་མོ་ལྟ་རྩིས་འདེབས་དང་མངོན་ཤེས་མཐུ་སྐྱེད་པ་མཁའ་འགྲོ་མ་དང་། ཡང་ན་གྲུབ་ཐོབ་མ་ཡིན་གསུང་མཁན་ཁག་ཅིག་འདུ་འཛོམས་བྱས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་སྟེ། བོད་ཕྱི་ནང་གཉིས་སུ་ལབ་གླེང་མང་པོ་བྱུང་རྗེས། ཁ་སང་ཕྱི་ཚེས་ ༢༩ ཉིན་དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་དགྲ་འདུལ་མཆོག་གིས་དེའི་སྐོར་ལ་གསུང་བཤད་ཅིག་གནང་བའི་ནང་། ཁ་སང་དེ་རིང་དཀར་མཛེས་ཁུལ་དུ་བླ་མ་དང་མཁའ་འགྲོ་མ་ཡིན་ཟེར་མཁན་ཁག་ཅིག་ཡོང་སྟེ། ཆོས་ལུགས་ཀྱི་མིང་འཁྱེར་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་གི་འདུག་ལ། མང་ཚོགས་རྣམས་དེའི་མགོ་སྐོར་གྱི་འོག་ཏུ་ཚུད་ཀྱི་ཡོད་པ་རེད། སྔོན་མ་ཡིན་ན་དཀར་མཛེས་ལུང་པར་བླ་མ་དང་མཁའ་འགྲོ་མ་རྫུན་མ། ཆོས་ལུགས་ཀྱི་སྟེང་ནས་འདྲ་མི་འདྲ་བཟོ་མཁན་དེ་འདྲ་ཡོད་པ་མ་རེད། ཡིན་ན་ཡང་། དེ་རིང་ཁ་སང་སྤྲུལ་རྟགས་སྟོན་གྱི་ཡོད་ཟེར་མཁན་དང་། མངོན་ཤེས་མེད་ན་མངོན་ཤེས་ཡོད་ཟེར་མཁན། སྐྱེ་བ་སྔ་ཕྱི་མཁྱེན་ཡོད་ཟེར་མཁན་གྱི་བླ་མ་རྫུན་མའི་གནས་ཚུལ་སོགས་མང་པོ་བྱུང་སྟེ། རྒྱ་ཆེ་མང་ཚོགས་དེའི་མགོ་སྐོར་ཕྱོགས་སུ་རྒྱུག་འགྲོ་བཞིན་ཡོད་པ་རེད།  ཉེ་ཆར་འདི་བ་ལ་མཁའ་འགྲོ་མ་ཡིན་ཟེར་མཁན་གྱི་བུད་མེད་མང་པོ་རུབ་ནས་དེ་འདྲའི་ཐོག་ལ་མཛད་སྒོ་ཚོགས་ཏེ། གནས་ཚུལ་དེ་འདྲ་མང་པོ་བཟོ་བསྡད་ཡོད་པ་རེད། ང་ཚོར་གནས་ཚུལ་འདི་འདྲ་སྣ་ཚོགས་ཤིག་བྱུང་ནས་སྔོན་གྱི་སྐྱེས་བུ་དམ་པ་མང་པོའི་སྐལ་བ་རྫོགས་འགྲོ་བཞིན་ཡོད་པ་རེད། ཅེས་གསུངས་འདུག

ཡང་མཁན་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་ང་ཚོར་གྲུབ་ཐོབ་དང་མཁའ་འགྲོ་མ་སྐྱེ་བ་སྔ་ཕྱི་བཤད་མཁན་ཡོད་ཆོག་གི་རེད། ཡིན་ན་ཡང་། ད་ལྟ་ང་ཚོ་དཀར་མཛེས་ལུང་པའི་ནང་དུ་སྔོན་ཆད་བྱུང་མ་མྱོང་བའི་གནས་ཚུལ་འདྲ་མིན་འབྱུང་གི་ཡོད་པ་དང་། མཁའ་འགྲོ་མ་ཡིན་ཟེར་མཁན་གྱི་སྐྱེད་མ་དེ་ཚོས་མགོ་ལ་རྒྱན་ཆ་འདྲ་མིན་དང་། ལུས་ལ་གཟན་ཤམ་དང་སྐྱ་ཆས་གང་ཡིན་མི་ཤེས་བ་དེ་འདྲ་གྱོན་ནས་མགོ་སྐོར་གཏོང་གི་ཡོད་པའི་གནས་ཚུལ་འདྲ་མིན་སླེབ་ཀྱི་ཡོད་སྟབས། ཆོས་མི་ཤེས་མཁན་ཀྱི་དད་ལྡན་མང་ཚོགས་ཚོས་མཁའ་འགྲོ་མ་དང་གྲུབ་ཐོབ་འདུག་ཟེར་ནས་དེའི་རྗེས་སུ་འགྲོ་བཞིན་ཡོད་པ་རེད།  དེ་ཙམ་མ་ཟད། བླ་མ་རྫུན་མ་བཟོས་ཏེ་རྒྱ་ནང་དུ་སོང་ནས་མགོ་སྐོར་གཏོང་བ་དང་། རྫུན་མ་རྐྱང་རྐྱང་གི་ཚོགས་པ་བཙུགས་ནས་འདྲ་མིན་སྣ་ཚོགས་བཟོ་བཞིན་པ་དེ་དག་དཀར་མཛེས་ལུང་པའི་ནང་དུ་བཟོ་ཆོག་གམ་མི་ཆོག་ཟེར་ན་ཆོག་གི་མ་རེད་ཟེར་ནས་ཐག་ཆོད་པོས་སྐད་ཆ་བཤད་ཆོག་པ་དང་།  རྒྱ་ཆེ་མི་མང་གིས་གནས་ཚུལ་དེའི་རིགས་རྫུན་མ་ཡིན་པ་ངེས་པར་དུ་ཤེས་དགོས་ཀྱི་འདུག་ལ། མ་འོངས་པར་འདིའི་སྐོར་ལ་གཟབ་ནན་བྱེད་དགོས་ཀྱི་འདུག ཅེས་གསུངས་འདུག

དཀར་མཛེས་ནང་བླ་སྤྲུལ་མཚན་ལྡན་གྱིས་ཆོས་གསུང་པར་དགོངས་པ་གནང་གི་ཡོད་ཀྱང་བླ་སྤྲུལ་རྫུན་མ་ཚོར་གཟབ་གཟབ་དགོས་སྐོར་ཁོང་གིས། སྤྱིར་ལུང་པ་འདིའི་ནང་གི་འགྲོ་ལུགས་ལྟར་ན། དཀར་མཛེས་ལུང་པ་འདིར་ཉག་རོང་དང་དཔལ་ཡུལ་སོགས་བརྩིས་པའི་ས་གཞན་པ་མང་པོ་ནས་མི་མང་པོ་སླེབ་ཀྱི་ཡོད་པ་རེད། དེ་བཞིན་ཡུལ་ལུང་གཞན་པའི་བླ་མ་མཁན་པོ་ཚོའང་གནས་འདིར་ཆོས་གསུང་ནས་འདུག་རྒྱུའི་ལུགས་སྲོལ་སྔོན་མ་ནས་བྱུང་ཡོད་པ་མ་ཟད།  དཀར་མཛེས་དགོན་པར་སྙན་སེང་ཕུལ་ནས་དགོངས་པ་ཞུ་དགོས་ཀྱི་ཡོད་པ་རེད་ལ། དགོངས་པ་སྤྲོད་ཀྱི་ཡོད་པ་རེད། ལུགས་སྲོལ་དེ་སྔོན་མ་ནས་ཡོད་པ་རེད། རྒྱུ་མཚན་ལུང་པ་འདིའི་ནང་དུ་བསྡད་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད། ལུང་པ་འདིའི་ནང་དུའང་བསྟན་པའི་ཁུར་བཞེས་མཁན་གྱི་བླ་མ་དགེ་བའི་བཤེས་གཉེན་ཚད་ལྡན་མང་པོ་ཡོད་པ་རེད། དཀར་མཛེས་ལུང་པའི་བླ་མ་དགེ་བའི་བཤེས་གཉེས་རྣམས་བསྟན་པའི་ཁུར་བཞེས་མཁན་གྱིས་གྲས་ཡིན་པས། རྗེས་ཕྱོགས་གནས་ཚུལ་འདི་འདྲ་བཟོ་མཁན་བྱུང་ན། ང་ཚོས་སྐུལ་མ་གཏང་ནས་མཁའ་འགྲོ་མ་ཡིན་མིན་དང་སྐྱེ་བ་སྔ་ཕྱི་ཤེས་མཁན་ཡིན་མིན། གྲུབ་ཐོབ་ཡིན་མིན་སོགས་ལ་བརྒྱ་ཆ་བརྒྱ་ཐམ་པ་བརྟག་དཔྱད་གཏང་བ་དང་། དྲི་བ་དྲིས་ལན་བྱ་རྒྱུ་ཡིན་ལ། ང་རང་གི་ངོས་ནས་ཀྱང་བླ་མ་དགེ་བའི་བཤེས་གཉེས་རོགས་པར་འཁྲིད་ནས་ཡོང་གི་ཡིན། གཡོ་སྒྱུ་རྫུན་མ་མེད་པའི་ལས་ཀ་ཏག་ཏག་ཅིག་བཟོ་རྒྱུ་ཡིན། དེའི་རྐྱེན་གྱིས་རྫུན་མ་བཟོ་མཁན་ཚོས་གཟབ་གཟབ་བྱེད་རོགས། ཞེས་གསུངས་འདུག

དེང་སང་བོད་དང་རྒྱ་ནག་ནང་སོགས་སུ་བླ་རྫུན་སྤྲུལ་རྫུན་བྱུང་བའི་གནས་ཚུལ་མང་པོ་ཐོན་བཞིན་ཡོད་པ་དང་། ཕྱི་ལོ་༢༠༠༧ ལོར་རྒྱ་ནག་གཞུང་གིས་<<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས>>ཞེས་པའི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། སྤྲུལ་སྐུ་འཚོལ་བཤེར་མ་ལག་ཅེས་པའི་དྲ་རྒྱ་ཞིག་བཟོས་ཏེ། མ་ལག་དེའི་ནང་དུ་ལྷ་ས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། ནང་སོག ཤིན་ཅང་། ལེའོ་ཉིང་སོགས་ཀྱི་སྤྲུལ་སྐུའི་ཆ་འཕྲིན་ཡོངས་རྫོགས་བཀོད་ཡོད་ལུགས་དང་། མ་ལག་དེའི་ནང་མེད་པའི་བླ་སྤྲུལ་རྣམས་སྲིད་གཞུང་ནས་ངོས་ལེན་མེད་པས་རྫུན་མ་ཡིན་སྟབས།  སྤྲུལ་སྐུ་རྫུན་མ་དེ་ཚོར་རྡུང་རྡེག་གཏོང་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

བོད་ཀྱི་ཁྱིམ་མཚེས་ནང་པའི་རྒྱལ་ཁབ་འབྲུག་ནང་དུའང་བླ་སྤྲུལ་རྫུན་མའི་གནས་ཚུལ་བྱུང་གི་ཡོད་པར་བརྟེན།  འབྲུག་གཞུང་གི་སྤུངས་ཐང་བདེ་ཆེན་ཕོ་བྲང་ནས་ཡུལ་དེའི་ནང་བླ་སྤྲུལ་རྫུན་མ་མི་འབྱུང་བའི་སྐོར་ལ་བཅའ་ཁྲིམས་ཞིག་གཏན་འབེབ་བྱས་པའི་ནང་། རང་རེ་ནང་པ་སངས་རྒྱུས་པའི་རྒྱལ་ཁབ་རྣམས་སུ་དུས་ཀྱི་འཕོ་འགྱུར་དང་བསྟུན་བླ་སྤྲུལ་འདྲ་མིན་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ལ་བརྟེན། མ་འོངས་པར་ཆོས་སྲིད་གཉིས་ཀར་གནོད་ཉེན་ཆེ་བར་གཟིགས་ནས་འབྲུག་རྒྱལ་ཡོངས་ཚོགས་ཐེངས་༣༠ པའི་དོན་ཚན་ནང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་སྐོར་གཏན་འབེབས་མཛད་པ་བཞིན། སྤྱིར་བཏང་བུ་ཚ་རིག་པ་རྣོ་བ་ཚེ་རབས་སྔ་མའི་ཆོས་ཀྱི་བག་ཆགས་བཟང་བར་འདུག་ན་རང་རང་སོ་སོས་བདག་ཉར་རམ་གྲྭ་པ་དཀྱུས་མཚུངས་སུ་བཞག་ནས་སློབ་སྦྱོང་ལེགས་པོ་སྤྲད་པའི་རྗེས་སུ་དང་པ་གཞི་ཚུལ་ཁྲིམས་ཀྱི་བསླབ་པ། བར་དུ་ཐོས་བསམ་སྒོམ་གསུམ། མཐའ་མ་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱ་བ་བྱེད་མཁན་ཞིག་བྱུང་ན་སྐྱེས་བུ་དམ་པར་མཚན་གསོལ་གཟེངས་རྟགས་ཕུལ་རྒྱུ་དང་། དམིགས་བསལ་ཆེས་མཐོའི་བླ་སློབ་ཀྱི་སྐུ་སྐྱེ་འདྲ་བྱུང་ན་སྤྲུལ་སྐུ་ངོས་འཛིན་ཚོགས་ཆུང་གིས་ཞིབ་དཔྱོད་གྲུབ་པའི་སྙན་ཞུ་དང་འཁྲིལ་མཁན་སློབ་འདུས་ཚོགས་ཀྱིས་ཆ་འཇོག་གནང་བ་དགོས། དེ་འདྲ་གང་ཡང་མེད་པར་རང་ཐག་རང་གཅོད་ཀྱིས་མ་ཡིན་ཡིན་མདོག་མང་པོ་བཤད་དེ་སྤྲུལ་སྐུར་མིང་འདོགས་པ་དང་ན་བཟའ་བསྒྱུར་བཅོས་བྱེད་པ་སོགས་བྱུང་ན། སྤྲུལ་སྐུ་རྫུན་མའི་གྲངས་སུ་འཇོག་པ་ལས་ངོ་མར་ཁས་ལེན་བྱེད་ཐབས་མེད་པས་དེ་ལུགས་འབྲེལ་ཡོད་ཚང་མས་སེམས་ངེས་གྱིས། ཞེས་བསྒྲགས་ཡོད་པ་རེད།

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༣༠

Leave a Reply

2 thoughts on “སྐྱེས་བ་སྔ་ཕྱི་ཤེས་མཁན་ཡིན་མིན་བརྒྱ་ཆ་བརྒྱ་བརྟག་དཔྱད་བྱ་རྒྱུ་ཡིན།

  1. ༄༅། དགེ་བཤེས་ལགས་། ཐུགས་རྗེ་ཆེ།
    ཐབས་སྡུག་རེད། སོ་སོ་ལྟོ་གོས་ཆེད་སངས་རྒྱས་ཀྱི་ཆོས་ཚོང་བརྒྱབ་ཚོ་ནས་བླ་གྲ་རྗུན་མ་དང།
    བཙུན་མ་རྗུན་མ་བཟོས་ནས་མི་མང་ལ་བགོ་བསྐོར་ནས་ལྟོ་སློང་བ་ནི་ཅི་ནས་སེམས་སྐྱོ་བ་ལགས།