མི་ཁྲི་ ༦ ལྷག་ལ་ཆད་པ་བཅད་ཡོད་ཟེར།

རྒྱ་ནག་གི་དབུལ་སྐྱོབ་ལས་གཞིས་ལྐོག་ཟ་རུལ་སུངས་བ་ཇེ་མང་དུ་གཏོང་གི་ཡོད་སྐོར་བརྗོད་པ་ལྟར་ལས་གཞི་དེའི་ཁོངས་ནས་འདི་ལོའི་ལོ་སྟོད་ཁོ་ནར་ཁྲིམས་འགལ་གནད་དོན་ ༤༥༣༠༠ བྱུང་འདུག

ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོབ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྱོན་ ༤༥༣༠༠ ཞིབ་བཤེར་བྱས་ཡོད་པ་དང་། འབྲེལ་ཡོད་མི་སྣ་ ༦༡༥༠༠ ལྷག་ལ་ཆད་པ་བཅད་ཡོད་པའི་ཁྲོད་མི་ ༣༢༠༠༠ ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་ ༣༠༠༠༠ ལ་རྩ་འཛུགས་ཀྱི་ཆད་པ་བཅད། མི་ ༡༣༠༠ ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་བྱས་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ནང་སོག་བཅས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་དབུལ་སྐྱོབ་གྱི་ལས་གཞི་སྤེལ་ཏེ། ཞིང་འབྲོག་མི་མང་ཁྲི་ཕྲག་དབུལ་ཕོངས་ཀྱི་གནས་ནས་གྲོལ་གྱི་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོས་དབུལ་སྐྱོབ་ལས་གཞི་དེས་ལྐོག་ཟ་རུལ་སུངས་ཇེ་མང་དུ་བཏང་ཡོད་པ་དང་། དབུས་ཕོངས་ཞིང་འབྲོག་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་གི་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་བོད་ལྗོངས་དྲ་བ་ཞེས་པའི་ནང་དུ།  ཞིབ་གཅོད་བྱུང་བའི་གནད་དོན་ ༤༥༣༠༠ ཡི་ཁྲོད་དུ། རུལ་སུངས་གནད་དོན་གྱིས་བརྒྱ་ཆ་ ༤༢.༡༦ དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་ཀྱི་གནད་དོན་གྱིས་བརྒྱ་ཆ་༣༥.༥༡། འགན་འཛོལ་དང་འགན་འཁྲི་ཤོར་བའི་གནད་དོན་གྱིས་བརྒྱ་ཆ་ ༢༢.༣༣ བཅས་ཟིན་ཡོད་པ་དང་། རུལ་སུངས་གནད་དོན་ཁྲོད་བཀག་ཉར་གཞན་སྤྱོད་དང་། ཉེ་དགའ་ཕྱོགས་ཞེན་གྱི་རུལ་སུངས་གནད་དོན་ནི་བརྒྱ་ཆ་ ༡༧.༩༨ ནས་ ༢༣.༢༩ བར་ཟིན། ཡང་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན་ཁྲོད་དུ། རྣམ་པ་ཙམ་བྱེད་པའི་གནད་དོན་ཅུང་མང་བ་སྟེ་བརྒྱ་ཆ་༢༦.༧ དང་། ཇུས་གཅོད་ལས་འགལ་བས་བརྒྱ་ཆ་ ༨.༢༤། རྫུན་བཟོའི་གནད་དོན་གྱིས་བརྒྱ་ཆ་༨.༢༤ བཅས་ཟིན་ཡོད་འདུག

གཞན་ཡང་། ཉེས་ཆད་ཕོག་པའི་མི་ ༦༡༥༠༠ ཁྲོད་དུ་གྲོང་ཚོའི་ལས་བྱེད་ཀྱིས་ ༦༡.༢༨ ཟིན་ཡོད་པ་དང་། ན་ནིང་དང་བསྡུར་ན་བརྒྱ་ཆ་ ༡༡.༩ ཡིས་དམའ་རུ་ཕྱིན་ཡོད་སྐོར་དང་། ཡུལ་ཚོའམ་སྡེ་ཁག་རིམ་པ་དང་དེའི་མན་གྱི་ལས་བྱེད་ཀྱིས་ ༣༨.༠༢ ཟིན་ཡོད་པ་དང་། ན་ནིང་དང་བསྡུར་ན་བརྒྱ་ཆ་ ༡༡.༧༨ མང་དུ་ཕྱིན་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཞི་ཅིན་ཕིན་གཞུང་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱེད་ཀྱི་ཡོད་པ་དེར་རྒྱ་ནག་ནང་ལོགས་ནས་རྒྱབ་སྐྱོར་དང་དགའ་བསུ་བྱེད་མཁན་ཤུགས་ཆེན་ཡོང་གི་ཡོད་ཀྱང་། ཆབ་སྲིད་འཐབ་ཇུས་དེའི་རྒྱབ་ལྗོངས་དང་དམིགས་ཡུལ་སྐོར་ལ་རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས། སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཛུགས་སྐྲུན་གྱི་ལག་ཆ་བེད་སྤྱད་དེ་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་སྟབས་བདེ་བོའི་ངང་ལེགས་འགྲུབ་བྱུང་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་མགོ་བཙུགས་ཚར་ཡོད་པས། ཆབ་སྲིད་པ་ཚོར་མང་ཚོགས་ཀྱི་བློ་ཁ་དང་མཐུན་པའི་ལག་ཆ་གཞན་ཞིག་དགོས་པ་ནི་དམར་ཤོག་ཚོགས་པ་ཡུན་གནས་སྲ་བརྟན་ཡོང་བའི་ལམ་ཀ་ཉག་ཅིག་སྟེ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་སྟག་དང་སྦྲང་མ་མཉམ་རྡུང་གི་ཐབས་ཇུས་ཡིན་སྟབས། ཞི་ཅིན་ཕིན་གཞུང་གིས་ཐབས་ཇུས་དེ་ལག་བསྟར་ཟབ་ནན་བྱས་ཏེ།  རྒོལ་རྡུང་གི་ཁྱབ་ཁོངས་སུ་དམར་ཤོག་གཞུང་གི་དབུས་ཆེས་མཐོའི་དཔོན་རིགས་ནས་ས་གནས་ཁག་གི་ལས་བྱེད་བར་ཡོད་ཀྱང་། ནག་ཉེས་ཕོགས་མཁན་ཚང་མ་དཔོན་རིགས་ཟུར་པ་དང་རྒས་ཡོལ་བ་ཙམ་ལས་དབུས་ཆེས་མཐོའི་དཔོན་རིགས་ལས་ཐོག་པ་ཚོར་གནས་སྤོས་ཙམ་གྱི་ཉེས་ཆད་མ་གཏོགས་རྒོལ་རྡུང་གི་སྲིད་བྱུས་ཏག་ཏག་ཅིག་ལག་བསྟར་བྱེད་ཀྱི་མེད་སྐོར་བརྗོད་ཀྱི་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༨/༣༡

Leave a Reply