རྒྱལ་ཚོགས་ཀྱིས་བོད་མིའི་གནས་སྟངས་ཐད་དགོས་འདུན་དོན་ཚན་ ༣ བཏོན།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་སྲུང་ཚན་པས་བོད་དང་ཡུ་གུར་གཉིས་ཀྱི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་ ༡༡ བཏོན་ཏེ་ལག་བསྟར་དགོས་པའི་འབོད་སྐུལ་བྱས།

ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་སྲུང་ཚན་པས་རྒྱ་ནག་གི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཐོག་ཉན་ཞིབ་བྱས་པའི་གྲུབ་དོན་ཤོག་ངོས་ ༡༢ ཅན་ཞིག་ཡོངས་བསྒྲགས་བྱས་ཏེ། རྒྱ་ནག་ལ་རྒྱལ་ཡོངས་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་རྒྱ་ནག་ནང་འགྲོ་སྐྱོད་དང་། འགྲོ་བ་མིའི་ཐོང་ཐང་རྡོལ་རོལ་ཕྱིན་ཡུལ་གྱི་མི་སྣར་འབྲེལ་གཏུག་བྱེད་མི་ཐུབ་པ། དེ་བཞིན་གཞུང་འབྲེལ་རང་བཞིན་གྱི་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྡོག་རོལ་ཕྱིན་པའི་གནད་དོན་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་དཀོན་པ། ཁྲིམས་ཁང་དང་འབྲེལ་ཡོད་ལས་ཁུངས་སོགས་ནས་གྲངས་ཉུང་མི་རིགས་ལ་སྣང་མེད་དང་དབྱེ་འབྱེད་བྱེད་ཀྱི་ཡོད་པ། ཕྱི་ལོ་ ༢༠༡༠ ལོའི་ཉན་ཞིབ་སྙན་ཐོའི་ནང་མི་གྲངས་འབུམ ༦ དང་ཕྱེད་ཀ་ཙམ་མི་རིགས་ ༥༦ ཟེར་བའི་ནང་ཚུད་ཀྱི་མེད་པའི་དཀའ་ངལ་ཡོད་པ་དང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཚོར་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན་ཐོབ་ཐང་སོགས་ཀྱི་ཐད་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བཀོད་འདུག

གྲུབ་དོན་སྙན་ཐོ་དེའི་ནང་གྲངས་ཉུང་མི་རིགས་ཁག་གི་ནང་ནས་ཡུ་གུར་དང་བོད། ནང་སོག་བཅས་ཀྱི་གནད་དོན་ལོགས་སུ་བཀར་ཡོད་པའི་ནང་། བོད་མི་ཚོ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་གང་དུ་འགྲོ་སྐྱོད་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། གཞུང་ངོས་ནས་ཕྱི་སྐྱོད་ལག་འཁྱེར་སྤྲོད་པ་ཕལ་ཆེར་ཡོངས་སུ་མཚམས་བཞག་ཡོད་པ། དེ་བཞིན་བོད་རིགས་སློབ་གྲྭ་ཁག་ནང་བོད་ཡིག་སློབ་ཚན་སྐད་ཡིག་གཞན་གྱི་སློབ་ཚན་དང་འདྲ་མཉམ་གྱིས་འཇོག་དགོས་པ་ཁྲིམས་ཐོག་ནས་གསལ་པོ་མེད་པའི་ཁར། བོད་ཡིག་བསླབ་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་བྱེད་བཞིན་པ་མ་ཟད། བོད་སྐད་ཡིག་ཆེད་ལས་འགུལ་སྤེལ་མཁན་ཚོ་འཇུ་བཟུང་དང་ཉེས་ཆད་གཅོད་པ། ལྷག་པར་དུ་ཁྲིམས་ཁང་དུ་ཁྲིམས་གཤེར་སྐབས་ཁྲིམས་སྲོལ་ཡོངས་རྫོགས་རྒྱའི་སྐད་ཡིག་ནང་ཁོ་ན་ལས་མེད་པ་སོགས་བཀོད་འདུག

ཡང་མི་རིགས་དབྱེ་འབྱེད་འགོག་སྲུང་ཚན་པ་དེས་བོད་མིའི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་ ༣ བཏོན་པའི་དང་པོ། བོད་མི་ཚོ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཁག་ལ་འགྲོ་སྐྱོད་བྱེད་པའི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་ཀྱིས་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་སེལ་ཐབས་དགོས་པ། གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་དང་ཁྲིམས་འཛིན་ལམ་ལུགས། དེ་བཞིན་གསར་འགྱུར་བརྒྱུད་ལམ་བཅས་སུ་བོད་སྐད་ཡིག་བེད་སྤྱོད་ཀྱིས་སྐད་ཡིག་རྒྱུན་འཛིན་དར་སྤེལ་གཏོང་དགོས་པ། གསུམ་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྱབ་སྤེལ་དང་དམ་དྲག་ཅི་ཡོད་སྐོར་ལ་ཤེས་བྱ་མཁོ་སྤྲོད་བྱེད་དགོས་པ་བཅས་བཀོད་འདུག

གཞན་ཡང་། སྙན་ཐོའི་ནང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྐོར་ལ་དགོས་འདུན་དོན་ཚན་ ༨ བཀོད་པའི་ནང་། རྒྱ་གཞུང་གིས་འཇིགས་སྐུལ་བ་དང་ཆོས་ལུགས་ཀྱི་ལྟ་བ་ཐལ་དྲག་པའི་ཉེས་མིང་འོག ཡུ་གུར་བ་འབོར་ཆེན་དུས་ཡུལ་ངེས་མེད་ཀྱིས་བཀག་ཉར་གྱིས་ཆབ་སྲིད་སློབ་གསོ་སྤྲད་དེ་དམར་པོའི་ལྟ་གྲུབ་ལ་དགའ་ཞེན་དགོས་པའི་བཙན་སྐུལ་བྱེད་ཀྱི་ཡོད་པ་དང་། ཁྲིམས་བཤེར་གྱི་བརྒྱུད་རིམ་གང་ཡང་མེད་པར་བཙོན་འཇུག་ཁྲིམས་ཆད་བཏང་བའི་ཐོ་གཞུང་མི་གསལ་བ། དེ་བཞིན། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་དང་། ཕྱིར་སྐྱོད་ཐོངས་མཆན་གྱི་དུས་ཡུན་མ་རྫོགས་གོང་ནས་ཕྱིར་ལོག་དགོས་པའི་བཙན་བཀའ་གཏོང་བ། ས་གནས་སློབ་གྲྭ་ཁག་གི་ནང་ཡུ་གུར་གྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་སྲུང་གི་ཚན་པ་དེས་ཟླ་འདིའི་ཚེས་ ༡༠ ནས་ཉིན་ ༣ རིང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྒྱ་ནག་གི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཐོག་ཉན་ཞིབ་བྱས་ཡོད་པ་དང་། དེ་ནས་ཟླ་འདིའི་ཕྱི་ཚེས་ ༢༤ དང་ ༢༧། ༢༨ བཅས་སུ་དཔྱད་ཞིབ་ཚོགས་འདུ་ཚོགས་ཏེ་ཡོངས་བསྒྲགས་བྱས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་གྲུབ་དོན་སྙན་ཐོའི་མཇུག་ཏུ་ལོ་གཅིག་ནང་ཚུད་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཉིས་ཀྱི་གནས་སྟངས་ཐད་བཏོན་པའི་དགོས་འདུན་དོན་ཚན་རྣམས་ལག་བསྟར་ཡོང་ཐབས་དགོས་པ་དང་། ཕྱི་ལོ་ ༢༠༢༣ ལོར་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཐད་བསྐྱར་ཞིབ་ཀྱི་ཚོགས་འདུ་བསྡུ་འཆར་ཡོད་པ་བཅས་བསྒྲགས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༣༡

Leave a Reply