ལ་དྭགས་ཀྱི་འབྲོག་མི་བསོད་ནམས་དར་རྒྱས་དང་ཁ་བརྡ་བྱས།

ཉེ་སྔོན་འདི་གའི་གསར་འགོད་པ་ལ་དྭགས་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་དང་འབྲེལ་ལ་དྭགས་སྟག་ལུང་ལའི་ཕར་རྒྱབ་ན་ཡོད་པའི་རྐྱང་ཁྱུ་ཐང་གི་འབྲོག་པ་བསོད་ནམས་དར་རྒྱས་ལགས་སུ་ལ་དྭགས་ཁུལ་གྱི་འབྲོག་པའི་འཚོ་བ་དང་འབྲོག་པའི་གནས་སྟངས་སོགས་ཀྱི་སྐོར་ལ་ཁ་བརྡ་བྱས་ཡོད།དྲི་བ། ཐོག་མར་ཁྱེད་ཀྱིས་ལ་དྭགས་ཁུལ་གྱི་འབྲོག་པ་ཚོའི་སྐོར་ནས་ཁ་བརྡ་ཞིག་གནང་རོགས། 

ལན། ལ་དྭགས་ལ་མཚོན་ན་སྔོན་ཆད་འབྲོག་སྡེ་ཆེན་པོ་ཡོད་སའི་ས་ཆ་མང་པོ་རེད། བྱང་ཐང་གི་འབྲོག་སྡེ་ཁག་ནས་ཧན་ལེ་དང་སྡེ་མཆོག ས་སྨད། སུམ་མདོ་སོགས་ནི་འབྲོག་པ་མང་ཤོས་ཁག་རེད། ང་ཡོད་སའི་འབྲོག་པའི་ས་ཆ་ལ་རྐྱང་ཁྱུ་ཐང་ཟེར་བ་རེད། ང་ཚོའི་ས་ཆ་དེ་སྟག་ལུང་ལའི་རྒྱབ་ཕྱོགས་ནས་རྐྱང་ཁྱུ་ཐང་བརྒྱུད་ནས་སྤང་གི་བར་དུ་ཡོད་པ་རེད། སྔོན་ཆད་ང་ཚོའི་འབྲོག་སྡེའི་ནང་ལ་དྭགས་འབྲོག་ཁྱིམ་ ༦༠ ལྷག་དང་བོད་པའི་འབྲོག་ཁྱིམ་ ༣༠ ལྷག་ཡོད་པ་རེད། ཡིན་ན་ཡང་ལོ་ཤས་ནས་འབྲོག་ཁྱིམ་མང་པོ་ཞིག་གྲོང་ལ་བབ་སོང་བས་ད་ལྟའི་ཆར་ལ་དྭགས་རང་གི་འབྲོག་ཁྱིམ་ ༣༠ ཙམ་དང་བོད་པའི་འབྲོག་ཁྱིམ་ ༡༦ ཙམ་ལས་མེད་པ་རེད། སྔོན་ཆད་ལ་དྭགས་སླེ་ཡི་ལྕོག་ལམ་སར་སོགས་ན་ཁང་ཁྱིམ་མང་པོ་མེད་པ་རེད། ལོ་ཤས་ནས་བྱང་ཐང་ཕྱོགས་ཀྱི་འབྲོག་པ་ཚོ་སླེ་ལ་བབས་ནས་ད་ལྟ་དུད་ཁྱིམ་ཧ་ཅང་མང་པོར་གྱུར་ནས་ཡོད་པ་མ་ཟད། འདི་ཕྱོགས་ཀྱི་ས་གོང་ཡང་ཧ་ཅང་ཆེན་པོར་གྱུར་ཡོད་སྐོར་བརྗོད་བྱུང་།

དྲི་བ། ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་པ་ཚོའི་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད་འདུག

ལན། ད་ལྟའི་ཆར་དབྱར་ཁ་ཡིན་པས་འབྲོག་པའི་འཚོ་བ་སྐྱིད་པོ་ཡོད་པ་རེད་དེ་དགུན་ཁ་སླེབས་རྗེས་མི་དང་སེམས་ཅན་ཚང་མས་ང་ཤི་ཁྱོད་གསོན་ཞིག་བྱེད་དགོས་པས་དཀའ་ལས་ཞེ་དྲག་ཡོད་པ་རེད། དགུན་ཁ་ཁ་བ་ཤུགས་ཆེན་པོ་བབ་ན་སེམས་ཅན་ལ་རྩྭ་ཟ་རྒྱུ་མེད་དུས། ལ་དྭགས་སླེ་ནས་གཟན་རྩྭ་སོགས་ཉོ་དགོས་པས་འགྲོ་སོང་ཆེན་པོ་ཡོད་པ་རེད། དེ་བཞིན་ཁ་བ་ཆེན་པོ་རེ་བབ་ནས་ལམ་ཁ་ཚང་མ་འགག་པ་ཡིན་ན། སེམས་ཅན་ཚོར་རྩྭ་ཟ་རྒྱུ་དང་གཟན་སྤྲོད་རྒྱུ་སོགས་མེད་དུས་ལུག་ཁྱུ་སོགས་ཀྱི་ཕྱེད་ཀ་རེ་ཤི་འགྲོ་བ་རེད། ཡིན་ན་ཡང་དེང་སང་སྲིད་གཞུང་གི་ངོས་ནས་འབྲོག་པ་ཚོའི་ཕྱུག་ཟོག་ལ་སྤྲོད་རྒྱུའི་གཟན་སོགས་ལོ་རེར་སྟེར་གྱི་ཡོད་པས་སྔོན་དང་བསྡུར་ན་ཕྱོགས་གང་ཐད་ནས་ཡར་རྒྱས་ཕྱིན་ཡོད་པས་དཀའ་ངལ་དེ་ཙམ་མི་འདུག་མོད། སྤྱིར་འབྲོག་པ་ཚོས་དཀའ་ངལ་ཆེ་ཤོས་དེ་དགུན་ཁའི་སྐབས་སུ་ཡིན་པ་རེད།

དྲི་བ། ཁྱེད་ཀྱིས་བལྟས་ན་མ་འོངས་པར་མུ་མཐུད་ལ་དྭགས་ཕྱོགས་ཀྱི་འབྲོག་པའི་འཚོ་བ་དེ་རྒྱུན་གནས་ཐུབ་ས་རེད་དམ། 

ལན། ང་ཚོའི་མི་ཐོག་འདིར་གང་ལྟར་ཀྱང་འབྲོག་པ་བྱས་ཏེ་མཐའ་སྐྱེལ་འགྲོ་བ་ཞིག་ཡོད་ན་ཡང་། མི་རབས་རྗེས་མ་ཚོས་འབྲོག་ལས་བྱེད་རྒྱུ་ཁག་པོ་རེད་འདུག དེང་སང་འབྲོག་པའི་ཁྱིམ་ཚང་མང་པོས་བུ་ཕྲུག་ཚོ་སློབ་གྲྭར་གཏོང་བཞིན་ཡོད་པས། ཕྱིར་འབྲོག་སར་གུང་གསེང་སྐབས་ལྟ་བུ་རེར་ཡོང་བ་ལས་གཞན་འབྲོག་ལས་ལ་དགའ་བོ་བྱེད་ཀྱི་མི་འདུག ང་ཚོའི་འབྲོག་སའི་ཁྱིམ་ཚང་ཁག་ཅིག་ད་ལོ་གཞི་ནས་གྲོང་ལ་བབ་སོང་ལ་ཁ་ཤས་གཞི་ནས་གྲོང་ལ་འགྲོ་གྲབས་བྱས་ཏེ་ཡོད་པ་རེད། ང་རང་གིས་ཚོད་དཔག་བྱས་ན་ད་ནས་རྩིས་པའི་ལོ་ ༢༠ རྗེས་ནས་འདི་ཕྱོགས་སུ་འབྲོག་སྡེ་མཐོང་རྒྱུ་ཕལ་ཆེར་མེད་པ་ལྟ་བུ་རེད་འདུག གཙོ་བོ་འབྲོག་པའི་འཚོ་བ་ལ་ལས་ཀ་ཧ་ཅང་མང་པོ་ཡོད་པ་དང་དགུན་ཁ་ལྟ་བུར་མཚོན་ན་ཕར་ལ་འབྱོར་སྒོ་མང་པོ་ཞིག་ཡོད་པ་ལས་ཚུར་ལ་ཁེ་ཕན་མང་པོ་ཞིག་ཡོད་པ་མ་རེད། རྒྱུ་ཆེན་པོ་འདུག་སེམས་ཅན་མང་པོ་འདུག་ཟེར་ན་ཡང་ཤི་རྐྱེན་རེ་ཐོན་དུས་སེམས་ཅན་གྱི་ཕྱེད་ཀ་ཚར་འགྲོ་བ་རེད། འབྲོག་པས་འཚོ་བ་ལ་ལས་ཀ་མང་བ་དང་དཀའ་ལས་རྒྱག་དགོས་པ་ལས་ཁེ་ཕན་མེད་དུས་མ་འོངས་པར་འབྲོག་པ་མུ་མཐུད་གནས་རྒྱུ་ཁག་པོ་རེད་འདུགདྲི་བ། ཁྱོད་རང་ལ་མཚོན་ན་མ་འོངས་པར་མུ་མཐུད་འབྲོག་པ་བྱས་ཏེ་ཕྱུག་འཚོས་ནས་འདུག་འདོད་ཡོད་དམ་ཡང་ན་གྲོང་ལ་འབབ་རྩིས་ཡོད། 

ལན། ང་ལ་ལ་དྭགས་སླེ་ནས་ཁང་པ་དང་ས་ཆ་སོགས་འདུག་ཆོག་ཆོག་ཡོད། མཚམས་རེར་དངོས་ནས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་འདུག་པ་ལས་གྲོང་ལ་བབ་ནས་ལམ་ལས་དང་གླ་བ་སོགས་ཀྱི་ལས་ཀ་རེ་གཉེར་དགོས་མིན་འགྲོ་བསམ་པ་བྱུང་གི་འདུག ཁྱིམ་ཚང་མང་པོ་ཞིག་གིས་ཕྱུག་ཟོག་བཙོང་ནས་གླ་ལས་གཉེར་འདུག་མཁན་མང་པོ་ཡོད་པ་རེད། དེ་དག་ཚང་མ་འགྲིག་འགྲོ་ས་ནས་ང་ཚོ་ཡང་འགྲིག་མི་འགྲོ་བ་ལས་ཤི་འགྲོ་ས་ཞིག་ཡོད་བ་མ་རེད་བསམ་མོད། ཡང་ཕྱོགས་གཞན་ཞིག་ནས་ཕ་མེས་ཡང་མེས་ནས་འབྲོག་པའི་འཚོ་བ་འདི་རྒྱུན་མ་བཅད་པར་མུ་མཐུད་དཀའ་ལས་བརྒྱབ་ནས་ཡོང་བ་རེད། ད་ལྟ་ང་རང་གི་སྐབས་འདིར་འབྲོག་པའི་འཚོ་ཐབས་ཀྱི་རྒྱུན་དེ་བཅད་ན་འགྲིག་གི་མི་འདུག་བསམ་ནས་བསྡད་པ་ཡིན། མ་འོངས་པར་བུ་ཕྲུག་ཚོའི་རིང་ལ་ག་རེ་བྱེད་མིན་ཁོ་རང་ཚོའི་ལག་ན་ཡོད་པ་རེད། སྤྱིར་ན་དེང་སང་གྲོང་ལ་བབ་ནས་འཚོ་བ་རོལ་རྒྱུ་དེ་སྟབས་བདེ་དང་སྐྱིད་པོ་ཞིག་ཏུ་མཐོང་ནས་དར་སོ་ཆེན་པོ་ཆགས་ཀྱི་ཡོད་དུས། སྔ་ཕྱི་མ་གཏོགས་འབྲོག་པའི་འཚོ་བ་རྒྱུན་གནས་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད།

དྲི་བ། ལ་དྭགས་ཕྱོགས་ཀྱི་འབྲོག་པ་ཚོའི་ཁ་རྒྱབ་དང་འཚོ་བའི་མཐུན་རྐྱེན་སོགས་ག་འདྲ་ཡོད་དམ། 

ལན། འབྲོག་ལས་འདི་ཧ་ཅང་སྡིག་པའི་ལས་ཀ་ཞིག་ཡིན་པ་མ་གཏོགས་ང་ཚོའི་ཁ་རྒྱབ་སོགས་ལ་སེམས་ཅན་ཚོའི་དྲིན་ལ་དཀའ་ལས་ཅི་ཡང་ཡོད་པ་མ་རེད། ལྷག་པར་དུ་དབྱར་ཁའི་སྐབས་སུ་ང་ཚོ་ཧ་ཅང་སྐྱིད་ཚད་རེད། ཞོ་འོ་མ་མར་བཅས་གང་འདོད་འདོད་ཡོད་པ་རེད། དགུན་དུས་སུ་སེམས་ཅན་ཚོ་བཤས་ནས་ཤ་ཟ་རྒྱུ་ཡོད་པ་རེད། སེམས་ཅན་ཚོའི་ནང་ལ་རྐྱེན་ངན་ཞིག་མ་ཡོང་བར་བསྡད་པ་ཡིན་ན། ཁ་རྒྱབ་སོགས་ལ་དཀའ་ངལ་དམིགས་བསལ་གང་ཡང་ཡོད་པ་མ་རེད། སྤྱིར་དེང་སང་འབྲོག་པའི་འཚོ་བར་ཕྱོགས་གང་ཐད་ནས་ཡར་རྒྱས་ཕྱིན་དེ་མཐུན་རྐྱེན་འཛོམས་པོ་རེད། སྔོན་ཆད་ཡིན་ན་གནས་སྤོས་ནས་འགྲོ་དགོས་ན་རྟ་དང་གཡག་ལ་ཁལ་བཀལ་ནས་འགྲོ་དགོས་ཀྱང་དེང་སང་འབྲོག་པ་ཁྱིམ་ཚང་རེ་ལ་རླངས་འཁོར་བཟང་ངན་གང་རུང་རེ་ཡོད་དུས་རླངས་འཁོར་ནང་དུ་ཅ་ལག་ཚང་མ་བླུགས་ནས་བུད་སོང་ན་སྟབས་བདེ་བོ་རེད། ད་ལྟའི་ཆར་རྟ་གཡག་ལ་ཁལ་བཀལ་ནས་འགྲོ་མཁན་ཡོད་པ་མ་རེད་ལ་རྟ་སོགས་ཡོད་ས་ཧ་ཅང་ཉུང་ཉུང་རེད། ཅ་ལག་རེ་དགོས་པ་ཡིན་ན་དགུན་ཁ་ཁ་བ་བབ་ནས་ལམ་འགག་མ་སོང་བར་ད་ལྟ་རང་སོང་ནས་ད་ལྟ་རང་ཕྱིར་སླེབས་ཡོང་ཐུབ་པ་རེད།

དྲི་བ།  ཁྱེད་ཚོའི་འབྲོག་ཐང་དུ་ཁྱིམ་ཚང་རེ་ལ་ཕྱུག་ཟོག་ག་ཚོད་ཡོད་པ་དང་འབྲོག་པ་ཚོས་ཤ་མར་དང་ར་ལུག་སེམས་ཅན་བཙོང་བ་ཡིན་ན་རིན་གོང་ག་ཚོད་ཡིན་པ་རེད། 

ལན། ང་ཚོའི་འབྲོག་ཐང་དུ་འབྲོག་ཁྱིམ་ཕྱུག་པོ་ཞིག་ལ་ར་ལུག་ ༣༠༠ ནས་ ༤༠༠ ཅན་དང་། འབྲི་གཡག་ ༥༠ ནས་ ༧༠ བར་ཡོད་ས་ཡོད་པ་རེད་ལ། འབྲིང་ཙམ་ཞིག་ལའང་ར་ལུག་ ༥༠ ནས་ ༡༠༠ བར་ཡོད་པ་རེད་། ང་ཚོར་མཚོན་ན་བྱང་ཐང་ཕྱོགས་ཀྱི་འཚོ་བ་བཟང་ཤོས་ཀྱི་འབྲོག་པའི་གྲས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་མིན་བྱང་ཐང་གི་ཕར་ཕར་སོང་ན་འབྲོག་པའི་འཚོ་བ་ཧ་ཅང་སྐྱོ་བོ་དང་སེམས་ཅན་ར་ལུག་ཁ་ཤས་ལས་མེད་པ་དང་། ཁྱིམ་ཚང་གི་འཚོ་བ་དབྱར་ཁ་ཡུལ་སྐོར་བ་ཡོང་བའི་སྐབས་དང་བསྟུན་ནས་རྟ་འཁྲིད་ནས་ཡུལ་སྐོར་བ་ཕར་སྐྱེལ་ཚུལ་སྐྱེལ་གྱིས་གླ་ལ་བརྟེན་ནས་འདུག་མཁན་ཀྱང་ཡོད་པ་རེད། མར་དང་ཕྱུར་བ་སོགས་ང་རང་ཚོར་ཟ་རྒྱུར་དགོས་དུས་བཙོང་གི་ཡོད་པ་མ་རེད་ལ་བཙོང་རྒྱུ་ཀྱང་མང་པོ་ཞིག་ཡོད་པ་མ་རེད། ར་ལུག་སེམས་ཅན་བཙོང་གི་ཡོད་པ་རེད་ལ་དགུན་ཟས་ཆེད་དུ་བསོད་ཀྱི་ཡོད་པ་རེད། གཡག་ཆེན་པོ་གཅིག་ལ་ཧིན་སྒོར་སྟོང་ཕྲག་ ༤༠ ནས་ ༥༠ བར་རེད། དེ་བཞིན་ལུག་གཅིག་ལ་སྟོང་ཕྲག་ ༡༤ ནས་ ༡༥ བར་རེད། དུས་ཚོད་དུས་ཚོད་ནང་ར་ལུག་ཉོ་མཁན་ཁོ་རང་ཚོའི་རླངས་འཁོར་འཁྲིད་ནས་ཉོ་བར་ཡོང་གི་ཡོད་པ་རེད།

དྲི་བ། ལ་དྭགས་བོད་རིགས་འབྲོག་པ་དང་ཡུལ་མི་འབྲོག་པའི་བར་འབྲེལ་བ་ག་འདྲ་ཡོད།

ལན། ང་ཚོ་ཚང་མ་ལོ་ནས་ལོ་བསྟུན་ནས་མཉམ་འགྲོ་མཉམ་འདུག་བྱས་ཏེ་བསྡད་ཡོད་པ་རེད། མ་གཞི་ད་ལྟ་བོད་པ་དང་ལ་དྭགས་ཡུལ་མི་ཟེར་བ་ཞིག་ལྷག་ཡོད་པ་མ་རེད། ང་ཚོ་ཕན་ཚུན་བར་ཕར་གནའ་མར་སོང་བ་དང་ཚུར་མག་པར་ཡོང་ནས་ཚང་མ་མཉམ་འདྲེས་(Mix)ཆགས་བསྡད་ཡོད་པ་རེད། དེ་ནས་ང་ཚོ་ཕན་ཚུན་ནང་མ་འཆམ་པ་ཞིག་ཆགས་ས་ཞིག་ཡོད་པ་མ་རེད། རྩྭ་ཟ་ན་མཉམ་ཟ་དང་གནས་སྤོས་ན་མཉམ་སྤོས་ཀྱིས་འགྲོ་དགོས་ཡོད་པ་རེད། བོད་པ་ཚོ་མཉམ་དུ་མང་པོ་བསྡད་པས་ང་ཚོ་ཡིན་ན་བོད་སྐད་བཤད་ཤེས་པ་ཆགས་སོང་ལ། བོད་པ་ཚོས་ལ་དྭགས་ཡུལ་མིའི་སྐད་བཤད་ཐུབ་པ་རེད། ༧རྒྱལ་བ་རིན་པོ་ཆེས་ཡང་དང་ཡང་དུ་ང་ཚོ་ཕན་ཚུན་འཆམ་པོ་བྱ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། སྐྱབས་སུ་མཆི། སངས་རྒྱས་ཁོང་གི་བཀའ་རེད་ཨཱ། ང་རང་ལ་མཚོན་ན་༧རྒྱལ་བ་རིན་པོ་ཆེའི་ཕྱག་ལག་གི་སྨར་མཇལ་ཐེངས་གཅིག་རག་མྱོང་ཡོད།དྲི་བ། ཁྱེད་རང་ལ་དྭགས་ཡུལ་མི་ཞིག་ཡིན་པས་ལ་དྭགས་སླེ་ལ་སྔོན་ཆད་དང་བསྡུར་ན་འགྱུར་བ་ག་འདྲ་ཕྱིན་འདུག

ལན། ལ་དྭགས་སླེ་འདི་སྔོན་དང་བསྡུར་ན་མི་མང་གི་འཚོ་བ་དང་འཚོ་བའི་མཐུན་རྐྱེན། དེ་བཞིན་སླེ་ལ་འབབ་མཁན་གྱི་གྲོང་པ་སོགས་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་སོང་། སྔོན་ཆད་ཡིན་ན་སླེ་ཁུལ་དུ་མར་གཤམ་གྱི་དགོན་པ་ཁག་ལས་གཞན་སེངྒེ་གཙང་བོའི་ཕར་ཕྱོགས་ཏུ་གྲོང་སྡེ་ཁག་ཅིག་ལས་གཞན་མེད་པ་རེད། ལྕོག་ལམ་སར་ལ་བོད་པའི་གཞིས་གྲོང་དང་བོད་ཁྱིམ་སློབ་གྲྭ་ལས་གཞན་མང་ཆེ་བ་ས་སྟོང་རེད། ད་ལྟ་དེ་དག་ཚང་མ་བཀང་ཚར་བ་མ་ཟད་ཡར་ངོས་ཀྱི་རི་སྒང་སོགས་གྲོང་པ་མང་པོས་འགེང་བཞིན་འདུག དེ་དག་མང་ཆེ་བ་ལ་དྭགས་བྱང་ཐང་ཁུལ་ནས་ཡོང་བའི་འབྲོག་པ་དང་ནུབ་ར་ཕྱོགས་ནས་གནས་སྤོས་ནས་ཡོང་མཁན་ཤ་སྟག་རེད་འདུག ཕྱི་ལོ་ ༢༠༡༣ དང་ ༢༠༡༤  ནང་གཞུང་གིས་སླེ་ཡི་མཐའ་འཁོར་ཐག་ཉེ་ཡི་ལམ་ཁ་ཚང་མ་སྣུམ་ལམ་བཟོས་བ་མ་གཏོགས་དེ་སྔོན་རྡོ་ལམ་ཙམ་ལས་ལམ་ཡག་པོ་མེད་པ་རེད། སྔོན་མ་ལ་དྭགས་སླེ་ཡི་མཐའ་འཁོར་ནས་རྩྭ་རྩི་ཤིང་རྐང་གཅིག་མཐོང་རྒྱུ་མེད་པ་རེད་ཟེར་ཆོག་ཀྱང་། ད་ལྟ་ཤིང་སྡོང་བཏབ་ནས་སྔོན་པོ་མཐོང་རྒྱུ་ཡོད་པ་མ་ཟད་སེངྒེ་གཙང་བོའི་འགྲམ་རྒྱུད་ཚང་མ་ཤིང་ནགས་འདེབས་འཛུགས་ཀྱིས་ཧ་ལས་པ་ཆགས་འདུག འབྲོག་པ་ཚོ་ཡིན་ན་སྔོན་ཆད་རྟ་ཞོན་ནས་ཡར་མར་འགྲོ་དགོས་དུས་ལ་མཐོ་བ་དང་ས་རྩུབ་པ་སོགས་ཀྱིས་དཀའ་ངལ་ཡོད་ན་ཡང་ད་ལྟ་ཚང་མས་རླངས་འཁོར་སྐོར་ནས་རྒྱུག་བསྡད་ཡོད་དུས་སྟབས་བདེ་བོ་རེད། སྔ་མོ་གངས་ཆེན་པོ་བརྒྱབས་ནས་ལམ་ཁ་འགག་པ་ཡིན་ན་ཟླ་གསུམ་ལྷག་རིང་འགུལ་སྐྱོད་ཆེན་པོ་ཞིག་བྱེད་ས་མེད་པ་རེད། སྐབས་དེར་སྔོ་ཚལ་དང་ཟས་རིགས་མང་པོ་ཞིག་འགག་འགྲོ་ན་ཡང་ད་ལྟ་གངས་ཆེན་པོ་དེ་ཙམ་འབབ་ཀྱི་མི་འདུག་ལ། བབས་ན་ཡང་ཉིན་ཁ་ཤས་ནང་གཙང་མ་བཟོས་བཞག་ཡོད་པ་རེད། ང་ཚོ་ཆུང་དུས་སྐབས་དང་བསྡུར་ཐབས་ཡོད་པ་མ་རེད་དེ། ཉེ་བའི་ལོ་འགའི་རིང་གི་གནས་སྟངས་དང་བསྡུར་ནའང་འགྱུར་བ་ཧ་ལས་པ་ཕྱིན་སོང་།

འབྲོག་མི་བསོད་ནམས་དར་རྒྱས་ལགས་ཆུང་དུས་ནས་ཕ་མ་གཉིས་ལ་རོགས་རམ་བྱས་ཏེ་འབྲོག་ལས་ཁོ་ན་གཉེར་ནས་བསྡད་ཡོད་པ་དང་། ཁོང་ད་ལྟ་ལོ་ན་ ༦༠ ཡིན་འདུག ཁོང་ལ་བྱིས་པ་ ༤ ཡོད་ཅིང་། བྱིས་པ་གཅིག་སློབ་གྲྭར་ཡོད་པ་དང་། གཞན་རྣམས་གྱིས་ཡུལ་སྐོར་སྣེ་འཁྲིད་པ་དང་རླངས་འཁོར་ཁ་ལོ་བའི་ལས་ཀ་བྱེད་ཀྱི་ཡོད་འདུག བསོད་ནམས་དར་རྒྱས་ཆུང་ཆུང་ཡིན་སྐབས་ཕ་མ་གཉིས་ཀྱིས་སློབ་གྲྭར་མ་བཏང་བར་ནང་དུ་ཉར་ཡོད་པ་དང་། སྐབས་དེར་བྱང་ཐང་སོགས་སུ་དམག་མི་བསྡུ་ལེན་བྱེད་དུ་ཡོང་མཁན་ཡང་མང་པོ་ཡོད་པ་དང་། བསོད་དར་གྱི་ལོ་མཉམ་བྱིས་པ་མང་པོ་དམག་མིའི་ནང་མཉམ་ཞུགས་བྱས་ཏེ་ད་ལྟ་ཕྱུག་པོ་ཆགས་བསྡད་ཡོད་ཀྱང་། ཕ་མ་གཉིས་ལ་བདག་སྐྱོང་ཆེད་ཁོང་དམག་མིའི་ནང་དུའང་ཞུགས་མེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༠༣

Leave a Reply

4 thoughts on “ལ་དྭགས་ཀྱི་འབྲོག་མི་བསོད་ནམས་དར་རྒྱས་དང་ཁ་བརྡ་བྱས།

  1. ལ་དྭགས་བྱང་ཐང་འབྲོག་པའི་སྐོར་བཅར་འདྲི་གནང་འདུག་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ། ལྡེ་མཆོག་ཅེས་པ་སྡེ་མཆོག་དང་། བསམ་མས་ཞེས་པ་ས་སྨད་དུ་བཅོས་དགོས།

  2. གཞུང་པ་ཚཻ་དབང་བསོད་ནམས་

    ཤ་མར་ཐུད་ཀྱི་འཚོ་བ་སྐྱོངས་མཁན་དང་།
    ནས་འབྲུ་ཟས་ཀྱི་འཚོ་བ་སྐྱོངས་མཁན་གཉིས་།
    གཞུང་མང་འཚོ་བའི་འགན་འཁུར་ཞིང་འབྲོག་ལ་།
    ནམ་ཡང་མཐོང་ཆུང་ཁྱད་སོད་གཏོང་མི་ཉན་།

  3. གཞུང་པ་ཚཻ་དབང་བསོད་ནམས་

    ཤ་མར་ཐུད་དང་འོ་ཞོ་དར་ཕྱུར་སོགས་།
    ཕོ་རྒོད་འབྲོག་པའི་འཚོ་བསྟེན་འདི་དག་འོག་།
    གཞུང་དོན་ཁྲལ་སྒྲུབ་ནང་མིའི་འཚོ་བསྟེན་སྲུངས་།
    འབྲོག་པའི་མི་ཚེ་ནམ་དུས་བཞི་ཡིས་འོག་།
    དཀའ་སྡུག་མྱོང་བའི་ལོ་རྒྱུས་རྫོགས་མཐའ་མེད་།

  4. གཞུང་པ་ཚེ་དབང་བསོད་ནམས་

    ཞིང་འབྲོག་མི་མང་རྒྱལ་ཁབ་རྩ་འཛུགས་རེད་།
    ཞིང་འབྲོག་མི་མང་རྒྱལ་ཁབ་སྲོག་རྩ་རེད་།
    ཞིང་འབྲིག་མཐོན་སྐྱེད་གཞུང་མང་འཚོ་བའི་འགན་།
    ཞིང་འབྲོག་མེད་ན་གཞུང་མང་སྤྲང་པོའི་གཞུང་།
    ཞིང་འབྲོག་དཀའ་ངལ་སེལ་ལ་དྲང་གཞུང་དགོས་།