ཨ་རིས་པ་ལི་སི་ཐན་གྱི་རོགས་དངུལ་ཆ་ཚང་བཅད།

ཨ་རིའི་གཞུང་ལ་རྒྱབ་གཏོད་མཁན་ཚོར་ཨ་སྒོར་གྱི་རོགས་རམ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ལག་བསྟར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་ཚོགས་བརྒྱུད་ནས་སྤྲོད་ཀྱི་ཡོད་པའི་་པ་ལི་སི་ཐན་གྱི་རོགས་དངུལ་ཚང་མ་བཅད་ཡོད་འདུགརོའུ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་ཕོ་བྲང་དཀར་པོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ངལ་སེལ་རོགས་ཚོགས་(United Nations Relief and Works Agency)བརྒྱུད། པ་ལི་སི་ཐན་ (Palestine) གྱི་སྐྱབས་བཅོལ་བར་རོགས་དངུལ་སྤྲོད་བཞིན་པ་ཆ་ཚང་མཚམས་འཇོག་བྱས་ཡོད་པ་མ་ཟད། ཐེངས་འདིའི་ཐག་གཅོད་ལ་དབྱེ་ཞིབ་ནན་མོ་བྱས་ཡོད་པས་མ་འོངས་པ་ལའང་རོགས་དངུལ་སྤྲོད་རྒྱུ་མིན་སྐོར་བསྒྲགས་འདུག འདི་ལོའི་ཕྱི་ཟླ་དང་པོའི་ནང་ཇེ་རོ་སཱ་ལམ་དུ་ཡོད་པའི་རྒྱལ་ཚོགས་ངལ་སེལ་རོགས་ཚོགས་པ་དེའི་ལས་བྱེད་པ་ལི་སི་ཐན་ཚོས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།

ཕོ་བྲང་དཀར་པོའི་མགྲིན་ཚབ་མ་ཧེ་དྷར་ནོར་ཊི་ (Heather Nauert) ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངལ་སེལ་རོགས་ཚོགས་ཀྱི་ལས་ཀ་བྱེད་སྟངས་ནོར་འཛོལ་ཅན་དེས་སྐྱབས་བཅོལ་བར་ཕན་ནུས་ཐོན་གྱི་མེད་པ་མ་ཟད། རོགས་སྐྱོར་ལས་གཞི་དེའི་འོག་རིམ་གྱིས་ཁེ་ཕན་ལེན་མཁན་ཉུང་དུ་འགྲོ་བའི་ཚབ་ལ་མང་དུ་འགྲོ་བཞིན་ཡོད་པ་དེས་ལས་གཞི་དེ་ཉེན་ཁའི་གནས་སུ་ལྷུང་བཞིན་ཡོད་པ་གསལ་པོ་སྟོན་གྱི་ཡོད་སྐོར་བརྗོད་འདུག

རོགས་དངུལ་མཚམས་འཇོག་བྱས་པ་དེར་ངལ་སེལ་རོགས་ཚོགས་དེའི་མགྲིན་ཚབ་པ་ཁི་རི་སི་གྷན་ནའེ་སི་ (Chris Gunness) ཡིས། ཨ་རིའི་ཐག་གཅོད་དེར་བློ་ཕམ་ཆེན་པོ་བྱུང་ལ་ངལ་སེལ་རོགས་ཚོགས་ཀྱིས་སློབ་གྲྭ་ཁག་དང་སྨན་བཅོས་ལྟ་སྐྱོང་ཁང་། དེ་བཞིན་ཛ་དྲག་མྱུར་སྐྱོབ་སོགས་ཀྱི་རོགས་རམ་ལས་གཞི་སྤེལ་བཞིན་པ་དེས་ཕན་ནུས་མ་བྱུང་བ་བརྗོད་པ་དེར་ངོས་ལེན་གཏན་ནས་མེད། ཅེས་བརྗོད་འདུག་ལ། པ་ལི་སི་ཐན་གྱི་སྲིད་འཛིན་མ་མའོ་ཊི་ཨ་གྷ་སི་ (Mahmoud Abbas) ལགས་ཀྱི་མགྲིན་ཚབ་པས། ཐག་གཅོད་དེ་ནི་པ་ལི་སི་ཐན་མི་མང་ལ་ཉེས་རྡུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་རྩིས་མེད་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག

ཕོ་བྲང་དཀར་པོས་འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངལ་སེལ་རོགས་ཚོགས་དེར་ཨ་སྒོར་ས་ཡ་ ༣༦༥ སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་། འདི་ལོའི་ཕྱི་ཟླ་ ༡ ནང་ཨ་སྒོར་ས་ཡ་ ༦༠ སྦྱིན་ཏེ། པ་ལི་སི་ཐན་དང་ཨེ་ཛི་རལ་གཉིས་བར་གྱི་དཀའ་རྙོག་ལ་གྲོས་མོལ་གྱི་ཞི་འགྲིག་ཡོང་ཐབས་དང་ཨ་རིར་རྒྱབ་སྐྱོར་མ་བྱས་ཚེ། རོགས་དངུལ་རྣམས་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། སྲིད་འཛིན་ཊོམ་ཕུས་ཨ་རིར་རྒྱབ་གཏོད་མཁན་ཞིག་ལ་ཨ་སྒོར་གྱིས་རོགས་སྐྱོར་བྱེད་འདོད་གཏན་ནས་མེད་སྐོར་བསྒྲགས་ཡོད་པར་བརྟེན། པ་ལི་སི་ཐན་མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངལ་སེལ་རོགས་ཚོགས་དེས་ཐོག་མར་ཕྱི་ལོ་ ༡༩༤༨ ལོ་ནས་ཨེ་ཛི་རལ་དང་ཨ་རབ་ཀྱི་དམག་འཁྲུག་ཁྲོད་ཀྱི་ཡུལ་མི་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་བྱས་ཡོད་པ་དང་། ཕྱིས་སུ་ཚོགས་པ་དེས་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་ས་ཡ་ ༥ ལྷག་གི་སློབ་སྦྱོང་དང་སྨན་བཅོས་ལྟ་སྐྱོང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་རོགས་རམ་བྱེད་བཞིན་ཡོད་ཀྱང་། ཨ་རིའི་རོགས་དངུལ་བཅད་པ་དེས་རོགས་རམ་གྱི་ལས་གཞི་མང་པོ་ཞིག་དཀའ་ཁག་ནང་ལྷུང་དུ་བཅུག་ཡོད་འདུགཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཁ་ཆེ་དང་ཡེ་ཤུ་ཆོགས་ལུགས་སོགས་ཀྱི་གནས་ཆེན་ཇེ་རོ་སཱ་ལམ་ནི་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་པ་མ་ཟད།  ཕྱིས་སུ་ཡུལ་དེར་ཨ་རིའི་གཞུང་ཚབ་ཁང་ཞིག་ཀྱང་སྒོ་འབྱེད་བྱས་པར་བརྟེན། འདས་པའི་ལོ་ངོ་བརྒྱ་ཕྲག་རིང་ནས་བྱུང་བའི་ཨི་ཛི་རལ་དང་པ་ལི་སི་ཐན་ (Palestin) བར་གྱི་བདག་དབང་རྩོད་རྙོག་རྣོ་ངར་ཆེན་པོས་བསྐྱར་དུ་ལངས་ཏེ། ཉེན་རྟོག་དམག་མི་དང་མི་མང་མང་པོར་ཤི་རྨས་བྱུང་ནས་གནས་སྟངས་ཛ་དྲག་ཆགས་པར་བརྟེན། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་སོགས་ནས་སྲིད་འཛིན་ཊོམ་ཕུའི་ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་ཊོམ་ཕུའི་ཐག་གཅོད་དེར་འོས་བསྡུ་བྱས་པ་བརྒྱུད་མང་མོས་ངོས་ལེན་མེད་པར་རྩིས་མེད་བཏང་ཡོད་པ་མ་ཟད། གྲོང་ཁྱེར་ཇེ་རོ་སཱ་ལམ་གྱི་རྩོད་རྙོག་ཐད་ཨ་རིའི་གཞུང་གི་བར་གནས་ལངས་ཕྱོགས་རྒྱུན་སྐྱོང་དགོས་སྐོར་བརྗོད་པ་སོགས་ཀྱིས་ཊོམ་ཕུ་གཞུང་ལ་ཕོག་ཐུག་ཆེན་པོ་ཤོར་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༠༡

Leave a Reply