ར་ཧུལ་གྷན་དྷི་བོད་ལ་གནས་སྐོར་དུ་ཕྱིན།

རྒྱ་གར་ཀོང་རི་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ར་ཧུལ་གྷན་དྷི་ལགས་བོད་དུ་ཕྱིན་ཏེ་ཉིན་གྲངས་ ༡༢ ནས་ ༡༥ རིང་གངས་རིན་པོ་ཆེ་སོགས་སུ་གནས་མཇལ་བྱེད་ཀྱི་ཡོད་འདུག

དེ་རིང་ཉིན་གུང་རྒྱ་གར་ཀོང་རི་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ར་ཧུལ་གྷན་དྷི་(Rahul Gandhi)ལགས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཀྲུའུ་ཡི་རྒྱལ་སྤྱིའི་གནམ་ཐང་(Tribhuvan)བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་པ་དང་། ཀོང་རི་སི་ཚོགས་པའི་མགྲིན་ཚབ་པ་རན་ཏིབ་སུར་ཇེ་ཝལ་ལ་(Randeep Surjewala)ལགས་ཀྱིས་བརྗོད་པ་ལྟར་ན། ར་ཧུལ་གྷན་དྷི་ལགས་ཀྱིས་ཉིན་གྲངས་ ༡༢ ནས་ ༡༥ བར་གངས་རིན་པོ་ཆེ་གཙོའི་མ་ཕམ་གཡུ་མཚོ་སོགས་བོད་ཀྱི་གནས་ཆེན་ཁག་ལ་གནས་མཇལ་དུ་འགྲོ་རྒྱུ་ཡིན་འདུག

ཚོགས་པའི་མགྲིན་ཚབ་པས་གནས་མཇལ་ལ་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་དང་མི་མང་ལ་ལམ་འགྲོ་ཡོང་ཆེད་ཞི་བ་ལྷར་མཇལ་ཁ་ཞུ་རྒྱུ་དེ་ཡིན་པ་དང་། བདེ་སྲུང་མི་སྣས་ཁོང་ལ་སྲུང་སྐྱོབ་དང་གནས་མཇལ་གྱི་ལས་རིམ་ཧྲིལ་པོར་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་སྐོར་བརྗོད་འདུག

ར་ཧུལ་བོད་དུ་མ་ཕྱིན་གོང་ལ་རྒྱ་ནག་གཞུང་ཚབ་ལ་སྙན་ཞུ་ཕུལ་ཏེ་རྒྱ་ནག་གཞུང་ནས་ལམ་སྟོན་དང་གྲ་སྒྲིག་དགོས་སྐོར་བརྗོད་ཡོད་ཀྱང་། རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ར་ཧུལ་བོད་རང་སྐྱོང་ལྗོངས་ཀྱི་ནང་ཕྱིན་ཡོད་ཀྱང་། རྒྱ་གར་གཞུང་ལ་ཚུལ་མཐུན་གྱི་སྙན་གསེང་གང་ཡང་ཞུས་མེད་སྐོར་བརྗོད་ཡོད་པ་དང་། རྒྱ་གར་གྱི་ཆབ་སྲིད་པ་མང་པོ་ཞིག་གིས་ར་ཧུལ་གྱིས་རྒྱ་གར་གཞུང་ལ་ཆོག་མཆན་མ་ཞུས་པར་རྒྱ་ནག་གཞུང་ལ་ལམ་སྟོན་དགོས་པའི་སྙན་ཞུ་སྤྲད་ཡོད་པའི་སྐྱོན་བརྗོད་དང་། ལོ་རྗེས་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་འཐེན་གྱི་ཡོད་མེད་སོགས་ལ་ལབ་གླེང་མང་པོ་ཡོང་བཞིན་འདུག

བྷི་ཇེ་པི་ཚོགས་པའི་མགྲིན་ཚབ་པ་སམ་བྷི་ཊི་པ་ཊི་རཱ་(Sambit Patra)ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྡུས་ཏེ། ཀོང་རི་སི་ཚོགས་པའི་མགོ་འཁྲིད་ར་ཧུལ་ཁྱོད་རང་ར་ཧུལ་གྷན་དྷི་ཡིན་པ་ལས་རྒྱ་ནག་གི་གྷན་དྷི་མ་རེད། རྒྱ་ནག་གིས་རྒྱ་ནག་པ་ཞིག་མིན་པའི་མི་ཞིག་ལ་སྣེ་ལེན་བསུ་མ་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཆགས་པ་རེད་ཅེས། ཐེངས་འདིར་ར་ཧུལ་རྒྱ་ནག་གི་མགོ་འཁྲིད་དང་ཆབ་སྲིད་པ་སུ་ཞིག་ལ་ཐུག་འཕྲད་བྱས་པ་ཚང་མ་ཕྱི་གསལ་ནང་གསལ་བཟོ་དགོས་སྐོར་སོགས་བརྗོད་འདུག

རྒྱ་གར་(FirstPost)གསར་ཁང་སོགས་བརྒྱུད་ལམ་ཁག་ཅིག་ནས་ར་ཧུལ་གྷན་དྷི་གནས་སྐོར་དུ་འགྲོ་རྒྱུར་རྒྱ་གར་གཞུང་ནས་ཆོག་མཆན་ཐོབ་ཡོད་སྐོར་བརྗོད་ཡོད་པ་དང་། ར་ཧུལ་ལམ་ལ་མ་བུད་སྔོན་ཁོ་རང་གི་སྤྱི་ཚོགས་དྲ་རྒྱ་ཊེ་ཊིར་སྒང་ལ་གངས་རིན་པོ་ཆེའི་པར་ཞིག་བཞག་ནས་ཁོ་རང་མི་རིང་བར་གངས་རིན་པོ་ཆེར་གནས་མཇལ་དུ་འགྲོ་ཡི་ཡོད་པའི་སྔོན་བརྡ་བཏང་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཀོང་རི་སི་ཚོགས་པས་རྒྱ་གར་མངའ་སྡེ་ཁག་གི་འོས་བསྡུ་གྲུབ་མཚམས་ར་ཧུལ་གྷན་དྷི་ལགས་གནས་སྐོར་དུ་འགྲོ་རྒྱུ་ཡིན་པ་དང་། རྒྱ་གར་གཞུང་ནས་ཆོག་མཆན་ཡང་ཐོབ་ཡོད་སྐོར་ཞིག་བསྒྲགས་ཡོད་འདུག

ར་ཧུལ་གྷན་དྷི་ལགས་ནི་ཕྱི་ལོ་ ༡༩༧༠ ལོར་སྲིད་བློན་ཟུར་པ་ར་ཇིབ་གྷན་དྷི་མཆོག་དང་ཀོང་རི་སི་ཚོགས་པའི་ཚོགས་གཙོ་ཟུར་པ་ལྕམ་སོ་ནེ་གྷན་དྷི་ལགས་གཉིས་ཀྱི་བུ་རུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་རྒྱ་གར་གཞོན་ནུ་ཚོགས་པའི་ཚོགས་གཞོན་དང་ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་གར་ཀོང་རི་སི་ཚོགས་པའི་མགོ་འཁྲིད་དུ་བསྡད་ཡོད་འདུག བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ར་ཧུལ་གྱིས་རྒྱལ་ས་ལྡི་ལི་མཐོ་སློབ་ཏུ་སློབ་སྦྱོང་བྱས་ཡོད་པ་དང་། ཕྱིས་སུ་བདེ་འཇགས་སོགས་ལ་དམིགས་ནས་རང་ཁྱིམ་དུ་དགེ་རྒན་གདན་ཞུ་བྱས་ཏེ་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་ ༡༩༩༡ ཙམ་ནས་བཟུང་ཨ་རིའི་རོ་ལིན་སི་མཐོ་སློབ་ཁང་(Rollins College)དང་ཧ་ཝར་ཊི་གཙུག་ལག་སློབ་གཉེར་ཁང་སོགས་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཅིག་ནང་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་སོགས་ཀྱི་ཐོག་སློབ་སྦྱོང་བྱས་མྱོང་ཡོད་འདུག སྐབས་དེར་ཁོང་གི་སྐོར་གསང་བ་དམ་སྲུང་བྱས་ཏེ་ངོ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༠༡

Leave a Reply

One thought on “ར་ཧུལ་གྷན་དྷི་བོད་ལ་གནས་སྐོར་དུ་ཕྱིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    གངས་དཀར་ཏི་སི་དབུ་འཕང་མཐོ་།
    དབུ་འཕང་མཐོ་ཞིང་བསྐོར་བ་བསྐོར་།
    བསྐོར་བ་བསྐོར་མཁན་མི་དེ་བསོད་ནམས་ཆེ་།
    བསོད་ནམས་ཆེ་བས་ལས་རླུང་རྒྱུགས་།
    ལས་རླུང་རྒྱུགས་ནས་བསམ་དོན་འགྲུབ་།
    མ་ཕམ་གཡུ་མཚོ་ཁ་ཞེང་ཆེ་།
    ཁ་ཞེང་ཆེ་བས་བསྐོར་བ་བསྐོར་།
    ཉ་ཆུང་གསེར་མིག་སྣང་བ་སྐྱིད་།
    སྣང་བ་སྐྱིད་པས་ཚེ་སྲོག་བརྟན་།
    ཚེ་སྲོག་བརྟན་པས་བསམ་དོན་འགྲུབ་།