ལོ་ ༢༠༠ ལོན་པའི་འགྲེམ་སྟོན་ཁང་ཞིག་མེར་འཚིགས།

ལོ་ངོ་ ༢༠༠ ལོ་རྒྱུས་ལྡན་པའི་སྦིར་ཛིལ་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་རིག་དངོས་གྲངས་ས་ཡ་ ༢༠ ལྷག་ཚང་མ་མེར་འཚིགས་ནས་ལོ་རྒྱུས་ཀྱི་རིན་ཐང་གཞལ་ཐབས་བྲལ་བའི་གྱོང་གུད་ཐེབས་ཡོད་འདུག

དེ་རིང་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོང་མཚན་གུང་ཡོལ་ཆུ་ཚོད་ ༣ པ་ཙམ་ལ་སྦིར་ཛིལ་རྒྱལ་ས་རེའོ་ནང་ཡོད་པའི་ཡུལ་དེའི་རྒྱལ་ཡོངས་འགྲེམ་སྟོན་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་དངོས་རྫས་གྲངས་ས་ཡ་༢༠ ལྷག་འཚིགས་ཡོད་པ་དང་། ཨེ་ཇིབ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གི་ལོ་རྒྱུས་རིག་དངོས་སོགས་འགྲེམ་སྟོན་དངོས་རྫས་གྲངས་ས་ཡ་༢༠ མེར་འཚིགས་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་མི་འདུག

འགྲེམ་སྟོན་ཁང་དེར་ལོ་ངོ་༢༠༠ ཡི་ལོ་རྒྱུས་ལྡན་པ་མ་ཟད། འགྲེམ་སྟོན་ཁང་དེ་སྦིར་ཛིལ་གྱི་ཚན་རིག་སློབ་གཉེར་ཁང་རྙིང་ཤོས་དེའང་ཆགས་ཡོད་འདུག འགྲེམ་སྟོན་ཁང་དེར་སྔོན་ཆད་ཕོར་ཆུ་གྷའི་རྒྱལ་པོའི་ཕོ་བྲང་དང་སྦིར་ཛིལ་རྒྱལ་པོའི་བཞུགས་གནས་བྱས་པའི་ལོ་རྒྱུས་ཡོད་སྟབས། ལོ་ལྟར་འགྲེམ་སྟོན་ཁང་དེར་རྒྱལ་ཡོངས་དུས་དྲན་ཞིག་ཀྱང་སྲུང་གཙི་བྱེད་སྲོལ་ཡོད་པ་ལྟར་ད་ལོའི་ལོ་སྟོད་དུ་དུས་དྲན་དེ་སྲུང་གཙི་བྱས་ཡོད་འདུག

འགྲེམ་སྟོན་ཁང་གི་འགན་འཛིན་གྱིས་འགྲེན་སྟོན་ཁང་ལ་མེ་སྐྱོན་ཤོར་བ་ནི་རིག་གཞུང་གི་ཆག་འཇིག་ཅིག་རེད། ཅེས་དང་། འགྲེམ་སྟོན་དེའི་དཔེ་མཛོད་ཁང་གི་ལས་མི་ཨེ་ཌེ་སན་བིར་གྷ་ཌྰ་སིལ་བ་(Edson Vargas da Silva) ཡིས་ས་གནས་གསར་འགོད་པར་མེར་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁང་པའི་མཐིལ་ཤིང་སྟེང་འབར་སླ་བའི་ཡིག་ཆའི་ཤོག་བུ་མང་པ་དེ་དག་ཡིན་རྒྱུ་རེད། ཅེས་བརྗོད་འདུག

འགྲེན་སྟོན་ཁང་གི་དྲ་རྒྱའི་སྟེང་དུ་འགྲེམ་སྟོན་ཁང་དེའི་ནང་སྦིར་ཛིལ་དང་ཨེ་ཇིབ་སོགས་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་དངོས་སྟོང་ཕྲག་ལྷག་ཡོད་པ་མ་ཟད། ཨ་རིའི་ནང་དུ་བརྙེད་པའི་ལོ་ངོ་༡༢༠༠༠ སྔོན་གྱི་བུད་མེད་ཞིག་གི་གཟུགས་རུས་ཆ་ཚང་དང་། གདོད་མའི་སྲོག་ཆགས་ཁུང་འབྲུག་(Dinosaur)གི་གཟུགས་རུས། ལྷོ་ཨ་མེ་རི་ཁའི་ལག་ཤེས་བཟོ་རྩལ། འགྱུར་རྡོ། གནམ་ནས་ལྷུང་བའི་རྡོ་སོགས་ཡོད་སྐོར་བརྗོད་འདུག

སྤྱི་ཚོགས་དྲ་ལམ་ཊེ་ཊིར་སྟེང་དུ་སྦིར་ཛིལ་སྲིད་འཛིན་མྰ་ཁིལ་ཊེ་མིར (Michel Temer)ལགས་ཀྱིས་ལོ་ངོ་༢༠༠ རིང་གི་ཞིབ་འཇུག་དང་ཤེས་ཡོན། དེ་བཞིན་ལས་དོན་མང་པོ་ཞིག་མེད་པར་གྱུར་སོང་བས། སྦིར་ཛིལ་མི་མང་ལ་འདི་ནི་ཧ་ཅང་སྐྱོ་དགོས་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་རེད། འགྲེམ་སྟོན་ཁང་མེར་འཚིགས་པ་འདིས་ང་ཚོའི་ལོ་རྒྱུས་ཀྱི་རིན་ཐང་ལ་གྱོང་གུད་བཟོས་པ་ཚད་འཇལ་མི་ཐུབ་པ་ཞིག་རེད། ཅེས་བརྗོད་འདུག

རྒྱལ་ཡོངས་འགྲེམ་སྟོན་ཁང་དེའི་འགན་འཛིན་ཇ་སི་ཊེན་ཧྥི་ལེ་ནོར་(Justin Fleenor)གྱིས་སྒེར་གྱི་ཊེ་ཊིར་སྟེང་དུ། སྦིར་ཛིལ་རྒྱལ་ཡོངས་འགྲེམ་སྟོན་ཁང་ཡོངས་སུ་འཚིགས་ཡོད་པ་དང་། འགྲེམ་སྟོན་ཁང་གི་དེའི་གདུང་རུས་དང་ནམ་མཁའ་ནས་ལྷུང་བའི་རྡོ། འབུ་སྲིན། ས་འོག་ནས་ཐོན་པའི་གནའ་དངོས་སོགས་དངོས་རྫས་ས་ཡ་ ༢༠ མེས་འཚིགས་པ་མཐོང་དུས་སེམས་པ་ཧ་ཅང་སྐྱོ་སྐོར་བརྗོད་འདུག

འགྲེམ་སྟོན་ཁང་དེ་ཐོག་མར་ཕྱི་ལོ་ ༡༨༠༨ ནས་༡༨༢༡ བར་ཕོར་ཆུ་གྷ་གྱི་རྒྱལ་པོའི་ཕོ་བྲང་ཡིན་པ་དང་། ཕྱི་ལོ་ ༡༨༡༨ ལོར་ཕོར་ཆུ་གྷ་གྱི་རྒྱལ་རབས་དྲུག་པ་(John VI)གིས་རྒྱལ་པོའི་འགྲེམ་སྟོན་ཁང་ཞེས་པའི་མིང་ཐོག་ཏུ་བསྒྱུར་ཡོད་འདུག  ཕྱི་ལོ་༡༨༢༢ ནས་ ༡༨༨༩ བར་སྦིལ་ཛིལ་རྒྱལ་པོ་བཞུགས། ཕྱི་ལོ་༡༨༨༩ ནས་༡༨༩༡ བར་སྤྱི་མཐུན་ཚོགས་པའི་གཞུང་སྒྲུབ་ཏུ་བཟོས་ཡོད་འདུག ཕྱི་ལོ་༡༨༩༢ ལོ་ནས་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་ངོ་བོར་བསྒྱུར་ཡོད་པ་དང་།  འགྲེམ་སྟོན་ཁང་དེའི་དམིགས་ཡུལ་གཙོ་བོ་ནི་དམིགས་བསལ་ཆེད་ལས་པས་ཕྱོགས་བསྡུས་གནང་བའི་ཚན་རིག་ཞིབ་འཇུག་སྐོར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༩/༠༣

Leave a Reply