རྒྱ་ནག་ནང་ངོ་རྒོལ་བྱས་ཏེ་མི་ ༤༦ འཛིན་བཟུང་བྱས།

རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་གཞུང་འབྲེལ་སློབ་གྲྭ་ཁག་གི་ནང་སློབ་འཇུག་གྲངས་ཚད་ཇེ་ཉུང་དུ་བཏང་བའི་རྐྱེན་གྱིས་ཕ་མ་མང་པོས་ངོ་རྒོལ་བྱས་ཏེ་མི་གྲངས་ ༤༦ ལྷག་འཛིན་བཟུང་བྱས་ཡོད་འདུག
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་རྒྱ་ནག་ཧུའུ་ནན་ཞིང་ཆེན་ལེ་ཡང་(Leiyang)གྲོང་ཁྱེར་སྲིད་གཞུང་གིས། གཞུང་འབྲེལ་སློབ་གྲྭ་ཁག་ནང་སློབ་འཇུག་གྲངས་ཚད་ཇེ་ཉུང་བཏང་སྟེ་བྱིས་པ་མང་པོ་སྒེར་གཉེར་སློབ་གྲྭ་ཁག་ཏུ་བཅུག་དགོས་བྱུང་བར་བརྟེན།  ཟླ་འདིའི་ཕྱི་ཚེས་ ༡ ནས་ཉིན་གཉིས་རིང་གྲོང་ཁྱེར་དེའི་ནང་གནས་སྡོད་བྱས་ཡོད་པའི་ཕ་མ་ ༦༠༠ ལྷག་ཁྲོམ་སྲང་དུ་ཐོན་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད།  ཉེན་རྟོག་ཁང་དང་གཞུང་ལས་ཁང་ལ་རྡོ་དང་། སོ་ཕག་སོགས་ཀྱིས་བརྒྱབས་ཏེ་གཏོར་སྐྱོན་བཏང་བ་དང་། དེ་བཞིན་གཞུང་གི་ལས་བྱེད་ ༣༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པའི་ཉེས་མིང་འོག ཁ་སང་ཕྱི་ཚེས་ ༢ ཉིན་ས་གནས་ཉེན་རྟོག་པས་ངོ་རྒོལ་བ་ ༤༦ འཛིན་བཟུང་བྱས་ཡོད་འདུག

ས་གནས་ཉེན་རྟོག་པ་ཞིག་གིས། མི་ཁག་ཅིག་གིས་སོ་སོའི་བྱིས་པ་གཞུང་གི་སློབ་གྲྭའི་ནང་བཅུག་མ་ཐུབ་པར་བརྟེན།  ཁོང་ཁྲོ་ལངས་ཏེ་སློབ་གྲྭ་ཁག་ ༦ དང་གཞུང་གི་ལས་ཁུངས་བཅས་ཀྱི་སྒོ་འགྲམ་ནས་ངོ་རྒོལ་ལས་འགུལ་སྤེལ་ཏེ་གཞུང་ལམ་བཀག་ཡོད་སྐོར་བརྗོད་ཡོད་པ་དང་། གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཚང་མའི་ནང་གནས་ཚུལ་དེ་བཀག་སྡོམ་བྱས་ཡོད་ཀྱང་། རང་དབང་གི་ཝེ་པོ་(Free Weibo)ཞེས་པ་བརྒྱུད་ངོ་རྒོལ་གྱི་བྱུང་རིམ་དང་བརྙན། པར་དང་བསམ་ཚུལ་སོགས་རྒྱ་ནག་ནང་ཁྱབ་བསྒྲགས་ཤུགས་ཆེན་ཕྱིན་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་ཕ་མ་ཚོས་ངོ་རྒོལ་བྱེད་དོན་ནི། ཉེ་སྔོན་ལེ་ཡཱང་གྲོང་ཁྱེར་སློབ་གསོ་དོ་དམ་ལས་ཁུངས་ཀྱིས་གྲོང་ཁྱེར་དེའི་བྱིས་པ་ཚོ་སྒེར་གྱི་སློབ་གྲྭའམ་ཡང་ན་གྲོང་གསེབ་ཁག་ཏུ་སྐྱེལ་དགོས་པའི་བཀོད་ཁྱབ་ཡོད་པ་དང་། སྒེར་གྱི་སློབ་གྲྭར་གཏང་ན་སློབ་ཡོན་ཆེན་པོ་ཡིན་པ་དང་། གྲོང་གསེབ་ཁག་ཏུ་གཏང་ན་ཕ་མ་དང་བུ་ཕྲུག་ཁ་ཐག་རིང་དྲགས་པ་སོགས་ཀྱི་དཀའ་ངལ་བྱུང་བར་བརྟེན་ངོ་རྒོལ་བྱུང་ཡོད་སྐོར་བརྗོད་འདུག་ལ།  ངོ་རྒོལ་བྱུང་རྗེས་ས་གནས་སློབ་གསོ་དོ་དམ་ལས་ཁུངས་ཀྱིས་སློབ་གྲྭ་ཁག་ཏུ་སློབ་མ་ག་ཚོད་ཅིག་གནས་སྡོད་ཐུབ་མིན་བསྐྱར་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

སྤྱི་ཚོགས་དཔྱད་བརྗོད་པ་ཁག་ཅིག་གིས། ད་ལན་གྱི་དཀའ་ངལ་འདིས་རྒྱ་ནག་ནང་སློབ་གསོའི་ལམ་ལུགས་ཡག་པོ་མེད་པ་བསྟན་པ་ཙམ་མ་ཡིན་པར། མ་འོངས་པའི་རྒྱ་ནག་ཟེར་བ་དེ་ག་འདྲ་ཞིག་ཏུ་འགྱུར་མིན་ལའང་གནད་འགོག་ཅིག་ཆགས་ཡོད། ཅེས་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་མི་མང་གི་སློབ་གསོ་དང་། འཕྲོད་བསྟེན། དཔལ་འབྱོར། ཆབ་སྲིད་སོགས་ཀྱི་རང་དབང་ཐོག་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་རྒྱ་ནག་ནང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བྱིས་པ་གཅིག་ལས་སྐྱེས་མི་ཆོག་པ་བཟོས་ཡོད་པ་མ་ཟད།  བྱིས་པ་ཞིག་སློབ་འཇུག་བྱེད་པར་ཉུང་མཐར་ཡང་ལོ་ན་ ༦ ཟིན་དགོས་ཀྱི་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་ཐད་ནས་བྱིས་པའི་འོ་ཕྱེ་སོགས་ཟས་རིགས་རྫུན་མ་བཙོང་བ་དང་། ཚད་ལྡན་མིན་པའི་འགོག་སྨན་འགོག་ཁབ་རིགས་བེད་སྤྱོད་བྱས་པའི་གནད་དོན་ཐེངས་མང་བྱུང་ཡོད་པ་རེད། དཔེར་ན། ཉེ་སྔོན་རྒྱ་ནག་ཁྲང་ཁྲིན་ཞེས་པའི་སྨན་སྦྱོར་ཚོང་གཉེར་ཁང་ཞིག་གིས་ཚད་ལྡན་མིན་པའི་བྱིས་པའི་ནད་རིགས་སྔོན་འགོག་གི་སྨན་ཁབ་འབོར་ཆེན་བེད་སྤྱོད་བྱས་པའི་གནད་དོན་ཤེས་རྟོགས་བྱུང་སྟེ། བྱིས་པའི་ཕ་མ་མང་པོར་བློ་འཚབ་ཆེན་པོ་བསླངས་ཡོད་པ་རེད། ཕྱིས་སུ་གནད་དོན་དེ་དང་འབྲེལ་ཡོད་ཀྱི་སྨན་སྦྱོར་ཁང་དེའི་འགན་འཛིན་སོགས་མི་གྲངས་ ༡༥ འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༠༣

Leave a Reply