ཆོས་བཤད་ནས་བྱམས་བརྩེ་སྤེལ་བ་ལས་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་ཐུབ་ན་ཡག་པོ་འདུག

ཉིན་གྲངས་བཞིའི་རིང་གི་གསུང་ཆོས་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་འཇིག་རྟེན་བཀོད་པ་པོའི་ཆོས་ཉམས་ལེན་བྱེད་མཁན་ཚང་མ་དཀོན་མཆོག་གི་སྲས་གཅིག་པ་ཡིན་པས་མཐུན་སྒྲིལ་དགོས་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨེ་ཤ་ཡའི་རྒྱལ་ཁབ་ཨི་ཌོ་ནེ་ཞི་ཡ་དང་། ཀོ་རི་ཡ། མ་ལ་ཤི་ཡ། སེང་གྷ་པུར། ཐེ་ལན་ཌི། ཝི་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་དད་ལྡན་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ ༦༠༠༠ ཡས་མས་ལ་ཉིན་གྲངས་བཞིའི་རིང་གི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་ལམ་སྟོན་བཀའ་སློབ་གནང་སྐབས། དེ་རིང་འདིར་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ལུང་པ་མང་པོ་ཞིག་ནས་འདིར་ཆེད་མངགས་ཕེབས་ཡོད་པ་རེད། ལྷག་པར་དུ་པ་ལི་ཆོས་བརྒྱུད་འཛིན་མཁན་ཐེ་ཝན་ཌི་དང་འབར་མའི་དགེ་སློང་གང་འཚམ་ཞིག་ཕེབས་ཡོད་པ་རེད། དེར་བརྟེན། དེ་རིང་ཁྱེད་རང་ཚོ་འདིར་ཆེད་མངགས་ཕེབས་པར་དགའ་པོ་དང་དགའ་བསུ་ཞུ་ཡི་ཡོད། ངོས་ནས་རྟག་པར་འཛམ་བུ་གླིང་སྒང་ཞུས་བསྡད་པ་དེ་ཕྱོགས་གཅིག་ནས་ངོས་ཡང་འཛམ་གླིང་འདིའི་ནང་གནས་འདུག་མཁན་ཞིག་ཡིན་པས། འཛམ་བུ་གླིང་ལ་བདེ་སྐྱིད་བྱུང་ན་ངོས་ལའང་བདེ་སྐྱིད་ཡོང་གི་རེད། འཛམ་བུ་གླིང་རྦད་དེ་སྡུག་བསྔལ་གྱི་འཁུར་པོར་ཚུད་བསྡད་པ་ཡིན་ན། ངོས་སོ་སོ་ཡང་སེམས་པ་སྐྱིད་པོ་མིན་འདུག ཆོས་དང་སྐྱེས་བ་སྔ་ཕྱིའི་སྐད་ཆ་གང་ཡང་མ་རེད། གང་ལྟར་ང་རང་ཚོ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། དོན་དངོས་ཡོད་གནས་ཚུལ་ལ་སྡུག་བསྔལ་མང་པོ་ཞིག་ང་རང་ཚོ་མིས་བཟོ་ཡི་འདུག   དེ་འདྲ་ཡིན་དུས། ང་རང་ཚོ་རང་གཞན་རོགས་གསུམ་ཆོས་དད་ཡོད་དང་མེད། ཆོས་དད་ག་འདྲ་ཞིག་བྱེད་ཀྱི་ཡོད་དང་མེད་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་དུས། ང་རང་ཚོས་ནམ་རྒྱུན་བདེ་བ་ཟེར་དུས་ཕྱིའི་དངོས་པོ་ཡར་རྒྱས་ཐོག་ནས་བདེ་བ་བཙལ་ཏེ་སྡུག་བསྔལ་སེལ་ཐབས་དེ་འདྲ་ཞིག་བྱས་བསྡད་འདུག འོན་ཀྱང་། དེས་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ་པ་གསལ་པོ་ཞེ་དྲགས་རེད་འདུག བདེ་བ་དང་སྡུག་བསྔལ་ཟེར་བ་དེ་ལུས་ཚོར་གྱི་བདེ་བ་སྡུག་བསྔལ་གཅིག་ཡོད་རེད། དེ་ཁ་གསལ་པོ་དང་གལ་ཆེན་པོ་རེད། ཡིན་ནའང་དེ་ལས་སེམས་ཀྱི་བདེ་སྡུག་དེ་གལ་ཆེན་པོ་འདུག དཔེར་ན་ང་རང་ཚོ་ཚང་མས་ཤེས་གསལ་རེད། སེམས་པ་སྐྱིད་པོ་མེད་པ་ཡིན་ན་ཕྱིའི་མཐུན་རྐྱེན་ཞེ་དྲགས་བཟང་པོ་ཡོད་ནའང་འདོད་པ་གང་ཡང་མིན་འདུག སེམས་ཀྱི་སྡུག་བསྔལ་དེ་ཕྱིའི་མཐུན་རྐྱེན་གྱིས་སེལ་ཐུབ་ཀྱི་མི་འདུག སེམས་ལ་ཞི་བདེ་དང་བདེ་སྐྱིད་ཅིག་ཡོད་པ་ཡིན་ན་ཕྱིའི་མཐུན་རྐྱེན་ཞེ་དྲགས་མེད་ནའང་། མི་སྐྱིད་པོ་བག་འཕེལ་ངང་འདུག་ཐུབ་པ་ཞིག་ཡོང་གི་འདུག ངོས་ནས་ནམ་རྒྱུན་བཤད་ཀྱི་ཡོད། སྔོན་མ་ངོས་བྷར་སི་ལོ་ནར་ཕྱིན་སྐབས། མོག་སི་རོ་ཌི་ཟེར་བའི་ལྷ་ཁང་ཆེན་པོ་ཞིག་ཡོད་པ་དང་། ངོས་ཕ་གིར་བསླེབས་སྐབས། གྲྭ་སྒྲིག་བྱེད་མཁན་ཚོས་ཁ་ཐོ་ལི་ཁུའི་གྲྭ་པ་ཞིག་གིས་ངོས་ལ་ཐུག་འདོད་བྱེད་ཀྱི་འདུག་ལབ་བྱུང་། ངོས་ནས་ཡིན་ད་ཡིན་ཞུས་ཏེ་ཁོང་དང་ཐུག་པ་རེད། ཁོང་ལོ་ལྔ་ཙམ་རིང་མོག་སི་རོ་ཌིའི་རྒྱབ་ལོགས་ཀྱི་རི་དེའི་སྒང་ལ་ཇ་དང་བག་ལེབ་མ་གཏོགས་མེད་པ་བྱས་ནས་བསྡད་ཡོད་འདུག དེར་བརྟེན།  ངོས་ནས་ཁོང་ལ་ཁྱེད་རང་ཡར་རི་སྒང་དུ་ལོ་ལྔའི་རིང་ག་རེ་གནང་བཞུགས་བསྡད་ཡིན་ཞེས་བཀའ་འདྲི་ཞུས་ཡིན། ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་ཞེས་གསུངས་བྱུང་། ཁོང་གིས་བྱམས་སྙིང་རྗེ་སྒོམ་ནས་བསྡད་པ་ཡིན་གསུངས་དུས། ཁོང་གི་མིག་ནང་གཞན་དང་མི་འདྲ་བའི་ནང་གི་བདེ་བ་ཞིག་ཡོད་བསྡད་པའི་རྣམ་པ་ངོས་ནས་གསལ་པོ་མཐོང་བྱུང་། དེ་འདྲ་ཡིན་དུས། ཁོང་ལྟ་བུར་ཆ་བཞག་ན། ཆེད་དུ་གཉེར་ནས་ལྟོ་གོས་གཏམ་གསུམ་བློས་བཏང་སྟེ་རི་ཁྲོད་དུ་ལོ་ལྔ་དེ་འདྲ་བྱས་ནས་བསྡད་པ་ཡིན་པ་རེད། དེ་དཔེ་མཚོན་གཅིག་རེད། དེ་དེ་བཞིན་ང་རང་ཚོ་བོད་པའི་ནང་རིག་གནས་གསར་བརྗེ་ལངས་སྐབས་བཙོན་ལ་བཅུག་སྟེ་བསྡད་མྱོང་བ་མང་པོ་ཞིག་རྗེས་སུ་ངོས་ལ་ཐུག་པ་རེད། ཁོང་ཚོ་མང་པོས་བཙོན་ཁང་དུ་བསྡད་པའི་རིང་ལས་སྐྱིད་པ་མ་བྱུང་། སོ་སོ་སོ་སོས་བསམ་བློ་བཏང་བ་དང་ཁ་འདོན་འདོན་པ་སོགས་བྱས་ཏེ་བསྡད་པས་ཞེ་དྲགས་ཡག་པོ་བྱུང་། དེ་ནས་ཡང་ངལ་རྩོལ་བསྒྱུར་བཀོད་སྐབས་སེམས་པ་རྣམ་དག་བྱས་ནས་ངལ་རྩོལ་དུ་རྒྱུག་པ་ཡིན། སྡུག་བསྔལ་གང་ཡང་བསླེབས་མ་བྱུང་ལབ་ཀྱི་འདུག

ངོས་ཀྱི་ངོ་ཤེས་པའི་གྲྭ་བ་ཞིག་བཙོན་ཁང་དུ་ལོ་ ༡༨ རིང་ངལ་རྩོལ་དུ་རྒྱུག་ནས་བསྡད་པ་རེད། དཀའ་ངལ་ཞེ་དྲགས་བྱུང་བཞག ངེད་གཉིས་བར་སྐད་ཆ་བྱུང་སྐབས་ཁོང་ལ་ཁྱེད་རང་ལོ་དེ་འདྲ་ཞིག་གི་རིང་བཙོན་ལ་བསྡད་དེ་དཀའ་ངལ་ག་རེ་བྱུང་ཞེས་བཀའ་འདྲི་ཞུས་སྐབས། ཁོང་གིས་ངོས་ལ་གནས་ལུགས་ཁ་ཤས་ཐད་ཉེན་ཁ་བྱུང་མྱོང་ཟེར། དེ་དུས་ངོས་ནས་ཉེན་ཁ་ཟེར་དུས་སྲོག་གི་ཉེན་ཁ་ཡིན་རྒྱུ་རེད་དྲན་བྱུང་། ཉེན་ཁ་ག་རེ་བྱུང་ཞེས་འདྲི་སྐབས། སྙིང་རྗེ་ཉམས་པའི་ཉེན་ཁ་བྱུང་ཟེར། བཙོན་ཁང་དུ་སྡུག་པོ་གཏོང་མཁན་ཚོའི་གྲས་ལ་ཞེ་སྡང་སྐྱེས་ཏེ་སེམས་ནང་སྙིང་རྗེ་ཉམས་འགྲོ་ཡི་འདུག་ཟེར། སྙིང་རྗེ་ཉམས་ན་ཉེན་ཁ་ཞེ་དྲགས་ཆེན་པོར་བརྩིས་བསྡད་པ་རེད། དེར་བརྟེན། དེ་ཚོའི་གྲས་ཀྱིས་ག་རེ་ཟེར་གྱི་ཡོད་ལབ་ན་སྙིང་རྗེ་ཟེར་བ་དེ་གལ་ཞེ་དྲགས་ཆེན་པོར་རྩིས་ཏེ་ཉམས་ལེན་བྱས། ལྷག་པར་དུ་སོ་སོར་སྡུག་པོ་གཏོང་མཁན་ཚོར་སྙིང་རྗེ་སྒོམ་ནས་བསྡད་པ་རེད། དེ་ཚོའི་གྲས་དེ་ལུས་པོར་དཀའ་ངལ་ཡོད་པ་རེད་དེ། སེམས་ལ་ཞི་བདེ་དང་སེམས་ལྷོད་ལྷོད་བྱས་ནས་བསྡད་ཐུབ་ཡོད་པ་རེད། ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་བསྡུར་ན་སེམས་ཀྱི་བདེ་སྡུག་ཞེ་དྲགས་གལ་ཆེ་བ་རེད་ཤག དེ་རིང་ཁ་སང་འཛམ་གླིང་འདི་དངོས་པོ་ཡར་རྒྱས་གཏོང་རྒྱུ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་འགྲོ་བསྡད་པ་དེས་ཕྱི་ལུས་པོའི་སྡུག་བསྔལ་ཉུང་དུ་འགྲོ་རྒྱུ་དང་། མཐུན་རྐྱེན་ཡག་ཏུ་ཕྱིན་ནས་འཕྲོད་བསྟེན་དང་འབྲེལ་ཏེ་ལུས་ལ་བདེ་སྐྱིད་ཡོང་གི་ཡོད་ཀྱང་། སེམས་ཀྱི་སྡུག་བསྔལ་ཉུང་དུ་འགྲོ་རྒྱུ་དང་བདེ་བ་མང་དུ་འགྲོ་བར་ཕན་གྱི་ཡོད་པ་མ་རེད། ཆོས་ཡོད་མཁན་དང་ཆོས་མེད་མཁན་ཡིན་ནའང་རེད། གང་ལྟར་ང་ཚོ་མི་ལ་ཡོད་པའི་ལྷན་སྐྱེས་ཀྱི་བྱམས་བརྩེ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་འདུག ཅེས་གསུངས།ཡང་ཆོས་ལུགས་ཕྱོགས་འཐེན་གྱིས་དུམ་བུར་ཕྱེས་པ་ཡིན་ན་ཆོས་དེ་ཉོན་མོངས་པའི་བེད་སྤྱོད་བྱེད་ཐབས་སུ་ཆགས་ཀྱི་ཡོད་པས་ངེས་པར་དུ་ཆོས་ལུགས་མཐུན་སྒྲིལ་དགོས་གལ་ཆེ་སྐོར་ལ་ཁོང་གིས། དུས་ཚོད་འདིར་ཆོས་ལུགས་མཐུན་སྒྲིལ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་ཁ་སང་འཛམ་གླིང་འདིའི་ནང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་མང་པོ་ཡོང་གི་འདུག གནས་སྟངས་དེ་དག་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། བྱམས་བརྩེའི་བསླབ་བྱ་འཁུར་ཡོང་མཁན་དེ་ཆོས་ལུགས་ཁག་ཆགས་ཀྱི་ཡོད་པ་རེད། ཆོས་ལུགས་དེ་དག་ཚང་མ་མི་དང་འབྲེལ་བ་ཡོད་པའི་རིག་གཞུང་ཞིག་རེད། མི་ལ་བྱམས་བརྩེ་ཟེར་བ་དེ་གལ་ཆེན་པོ་ཡིན་དུས་ལྟ་གྲུབ་ཡོད་པའི་ཆོས་ལུགས་དེ་དག་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་པ་རེད། མི་ལ་དེ་དགོས་མཁོ་ཡོད་པ་ཡིན་དུས་ཆོས་ལུགས་ཁག་ཚང་མས་བྱམས་བརྩེ་བྱམས་བརྩེ་ཞེས་ཚང་མས་བཤད་ཀྱི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཁག་ཡིན་ན་བྱམས་བརྩེ་གཙོ་བོ་བཤད་ཀྱི་འདུག་གཱ མདོར་ན་དཀོན་མཆོག་ཟེར་བ་དེ་ག་འདྲ་ཞིག་ཡོད་པ་རེད་ཅེས་ན་བྱམས་བརྩེ་མཐར་ཐུག་པའི་རང་བཞིན་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་ལྟར་ཡིན་དུས་འདས་པའི་ལོ་ངོ་སྟོང་ཕྲག་གཉིས་དང་། རྒྱ་གར་ལ་ཆ་བཞག་ན་ལོ་སྟོང་ཕྲག་གསུམ་དང་བཞིའི་རིང་ནས་ཆོས་བརྒྱུད་མི་འདྲ་བ་མང་པོ་བྱུང་ཚར་བ་དེ་དག་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་པ་རེད། ཡིན་ན་ཡང་ཆོས་ལུགས་དེ་དག་ལ་ལྟ་གྲུབ་མི་འདྲ་བ་ཡོད་པ་རེད་ལ། ལྟ་གྲུབ་མི་འདྲ་བ་དེ་དག་མིའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་ཡིན་དུས་ལྟ་གྲུབ་མི་འདྲ་བའི་རྐྱེན་གྱིས་བྱུང་ཡོད་པ་རེད། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ལ་ཆ་བཞག་ན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་གཅིག་ཡིན་པ་གཅིག་གྱུར་ཡིན་ན་ཡང་ལྟ་གྲུབ་མི་འདྲ་བ་མང་པོ་འདུག་གཱ  ལྟ་གྲུབ་དེ་དག་ཚང་མ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་རྐྱང་ཆགས་ཡོད་པ་རེད་ལ། དམིགས་ཡུལ་དེ་མི་བྱམས་བརྩེ་དང་ལྡན་པ་ཞིག་ཆགས་ཐབས་ཀྱི་ལྟ་གྲུབ་མང་པོ་བྱུང་ཡོད་པ་དང་། འཇིག་རྟེན་བཀོད་པ་པོར་ཆགས་བཞག་ན། དཀོན་མཆོག་དང་ཨ་ལཱ་ལྟ་བུར་མཚོན་ན་བྱམས་བརྩེ་ལྡན་པ་ཞིག་བཤད་ཀྱི་ཡོད་པ་རེད། བྱས་ཙང་འཇིག་རྟེན་བཀོད་པ་པོ་བཤད་དུས་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཅན་ཡིན་དུས་ང་ཚོ་ཚང་མ་བཀོད་པ་རེད་ཅེས་བཤད་ཡོད་པ་རེད། ང་རང་ཚོ་མི་ཚང་མ་དེ་བྱམས་བརྩེའི་བདག་ཉིད་ཅན་གྱི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་སྲས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་འཇིག་རྟེན་བཀོད་པ་པོའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་གཅིག་གིས་གཅིག་ག་རེ་བྱས་ནས་གསོད་ཀྱི་ཡོད་པ་རེད། ཚང་མ་དཀོན་མཆོག་གི་སྲས་གཅིག་པ་རེད་ཨཱ། དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཅན་ཡིན་དུས་སོ་སོ་བྱམས་བརྩེའི་བདག་ཉིད་ཅན་ཞིག་བྱེད་དགོས་པ་ལས་གཅིག་གིས་གཅིག་ལ་དབང་ཡོད་དང་། ཐུབ་ཚོད་བཏང་གསོད་རེས་བྱས་བསྡད་པ་ཡིན་ན་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་འདོད་པའི་མཚན་ཉིད་ཚང་མ་སོང་ཨཱ། སྤྱིར་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གི་ནུས་པ་ཤུགས་ཆེན་པོ་རེད་འདུག ང་རང་ལ་ཡི་ཤུ་དང་ཧུན་རྡི། ཇོའུ། ཁ་ཆེའི་ཆོས་གྲོགས་མང་པོ་ཡོད། འཇིག་རྟེན་བཀོད་པ་པོའི་ཆོས་ལ་ཁ་ཞེ་གཉིས་མེད་ཀྱིས་དད་པ་བྱེད་མཁན་མང་པོ་དང་ཧ་ཅང་ཡག་པོ་རེད་འདུག དེ་ཡིན་དུས་ཆོས་ལུགས་ཚང་མས་རྩ་བའི་བྱམས་བརྩེ་བཤད་ཀྱི་ཡོད་དུས་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག ཆོས་ལུགས་ཀྱི་ནང་དུ་གང་བཤད་པ་དེ་དག་ལ་མ་ཉན། དེ་ང་རང་གི་ཆོས་རེད་ཅེས་རང་དང་གཞན་ཞེས་ཕྱོགས་འཐེན་གྱིས་དུམ་བུར་ཕྱེས་པ་ཡིན་ན་ཆོས་དེ་ཉོན་མོངས་པའི་བེད་སྤྱོད་བྱེད་ཐབས་ལ་ཆགས་པ་རེད། དེ་ཧ་ཅང་ཐབས་སྐྱོ་བོ་ཆགས་པ་རེད།  ཅེས་གསུངས་སོང་།

གསོལ་ཇ་བར་གསེང་དང་འབྲེལ་ཏེ་ཆོས་ཞུ་བ་རྣམས་ལ་སྐར་མ་ ༡༥ རིང་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྐབས། ཆོས་ཞུ་བ་ཞིག་གིས་དེང་སྐབས་ཚན་རིག་དང་སྨན་བཅོས་ལ་བསྟེན་པ་ཡིན་ན་ཚེ་རིང་པོ་གནས་ཐུབ་ཀྱི་ཡོད་ནའང་མི་རྒས་ཁོག་མང་པོ་ཞིག་ལ་སེམས་ནང་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཁོང་ཚོའི་སེམས་བདེ་པོ་ཡོང་ཐབས་སུ་སྤྱི་ཚོགས་ཀྱིས་ཕན་ཐོགས་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ང་ཚོའི་ད་ལྟའི་ཤེས་ཡོན་སློབ་གསོའི་ནང་བྱམས་བརྩེའི་སློབ་གསོ་སྤྲོད་ཀྱི་མི་འདུག དེར་བརྟེན། དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་བཏང་འདུག་མཁན་ཞིག་ལས་ཀ་བྱེད་མི་ཐུབ་པའི་ལོ་ཚོད་ཅིག་ལ་བསླེབས་ཡོང་སྐབས། སེམས་དོག་པོ་ཡོང་བསྡད་པ་དང་སྤྱི་ཚོགས་ནང་ནས་འཕུད་འགྲོ་བའི་བཟོ་དེ་འདྲ་ཡོང་གི་འདུག དེར་བརྟེན་དངོས་པོ་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར་བྱམས་བརྩེ་ཟེར་ནས་ཆུང་ཆུང་སྐབས་ནས་སེམས་སྤྱོང་བརྡར་སྤྲད་པ་ཡིན་ན་རྒན་པོ་ཆགས་སྐབས་ཀྱང་བདེ་སྐྱིད་དེ་མུ་མཐུད་བསྡད་ཀྱི་རེད།
རྙོག་དྲ་དེ་ལོ་རྒན་པའི་སྐད་ཆ་གཅིག་པུ་མ་རེད། སེམས་ཀྱི་བདེ་སྐྱིད་ནི་ལུས་པོ་གཅིག་པུར་བསྟེན་པ་མ་རེད། དེ་ཡིན་དུས་ནོར་འཁྲུལ་ཚང་མ་དེ་ང་ཚོར་ད་ལྟ་ཡོད་བཞིན་པའི་ཤེས་ཡོན་སྤྲོད་སྟངས་དེས་འདང་གི་མི་འདུག

ཤེས་ཡོན་སྤྲོད་སྟངས་དེ་ཕྱིའི་དངོས་པོ་ཡར་རྒྱས་གཏོང་སྟངས་རྐྱང་རྐྱང་ལ་དམིགས་བསྡད་པ་ལས་ནང་སེམས་པའི་ཐོག་གང་ཡང་བྱེད་ཀྱི་མི་འདུག དེར་བརྟེན་ངོས་ནས་བཤད་བསྡད་པ་དེ་ཆོས་བཤད་ནས་བྱམས་བརྩེ་སྤེལ་བ་ལས་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་དགོས་ཀྱི་འདུག ལུས་པོའི་འཕྲོད་བསྟེན་ལ་སྤྱོང་བརྡར་སྤྲོད་ཀྱི་ཡོད་པ་ནང་བཞིན་སེམས་པའི་འཕྲོད་བསྟེན་ལའང་སྤྱོང་བརྡར་སྤྲོད་དགོས་ཀྱི་འདུག་ཅེས་པ་དེ་ཡིན། ཞེས་སོགས་བཀའ་སློབ་བསྩལ་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༠༤

Leave a Reply